དབྱི་རག་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་མགྲིན་ཚབ་པ་ལཱ་སུའུ་ཨར་གྱིས་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་གིས་ཉིན་དེར་ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དང་མཉམ་དུ་པཱ་ཀི་ཏཱ་ནས་སྐོར་ཐེངས་གསར་བའི་གྲོས་མོལ་བསྡུས་ནས། རྒྱལ་སྤྱིའི་མནའ་འབྲེལ་གྱི་དབྱི་རག་གི་ལས་འགན་མཇུག་སྒྲིལ་བར་གྲོས་བསྡུར་བྱས།
ལཱ་སུའུ་ཨར་གྱིས་གསལ་སྒྲོག་ནང་བཤད་རྒྱུར། མཐོ་རིམ་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་ཚན་ཆུང་ཨུ་ཡོན་ལྷན་ཁང་གསུམ་གྱིས་པཱ་ཀི་ཏཱ་ནས་གྲོས་མོལ་བསྡུས་ཏེ། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་དང་འཐབ་འཁྲུག་ཁོར་ཡུག དབྱི་རག་གི་དྲག་ཆས་དམག་དཔུང་གི་འཐབ་འཛིང་ནུས་པ་བཅས་ལ་དཔྱད་འཇོག་བྱས། ཚན་ཆུང་ཨུ་ཡོན་ལྷན་ཁང་གིས་དུས་བཅད་ལྟར་གྲོས་ཚོགས་བསྡུས་ནས། དབྱི་རག་དང་རྒྱལ་སྤྱིའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་ཕྱོགས་གཉིས་ཀྱི་འབྲེལ་བའི་བར་བརྒལ་ཐད་རྨང་གཞི་འདིང་རྒྱུ་རེད་ཟེར།
དབྱི་རག་ཕྱི་འབྲེལ་པུའུ་ཡིས་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། དབྱི་རག་དང་ཨ་མེ་རི་ཁས་མཐོ་རིམ་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲོས་མོལ་བསྡུ་རྒྱུ་ཡིན་པ་དང་། བྱེ་བྲག་གི་དུས་ཚོད་རེའུ་མིག་གཏན་འབེབས་བྱེད་པ་དང་རྒྱལ་སྤྱིའི་མནའ་འབྲེལ་གྱི་བློ་འདོན་པ་དབྱི་རག་ཏུ་བཅའ་སྡོད་བྱེད་པའི་ཡུན་ཚད་གཏན་འཁེལ་བྱེད་པར་སྐུལ་འདེད་བཏང་བར་མ་ཟད། རིམ་བཞིན་དབྱི་རག་ཏུ་སྡོད་པའི་བློ་འདོན་པའི་ཁ་གྲངས་ཇེ་ཉུང་དུ་གཏོང་མགོ་བརྩམས། ཟླ་དང་པོའི་ཚེས་ཉེར་བདུན་ཉིན། དབྱི་རག་དང་ཨ་མེ་རི་ཁས་སྐོར་ཐེངས་དང་པོའི་གྲོས་མོལ་སྤེལ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།