ཐུར་ཁེའི་ཙུང་ཐུང་གིས་ཕྱི་འབྲེལ་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སོགས་འཛམ་གླིང་ཡོངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་གཅིག་ཉིན་ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཨན་ཐཱ་ལེ་ཡཱ་གྲོང་ཁྱེར་ནས་བསྟན་དོན། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱ་སི་རལ་གྱི་འཁྲུག་རྩོད་དང་དེ་མིན་འཛམ་གླིང་ཡོངས་ཀྱི་གནད་དོན་གཞན་པ་ཐག་གཅོད་བྱེད་དགོས་ཟེར།

ཨེ་ཨར་ཏའོ་ཨན་ཉིན་དེར་སྐབས་གསུམ་པའི་ཨན་ཐཱ་ལེ་ཡཱའི་ཕྱི་འབྲེལ་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་ངེས་པར་དུ་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཏེ་སྒེར་ཚུགས་ཀྱི་བདག་དབང་ཡོད་ཅིང་མངའ་ཁོངས་ཆ་ཚང་བ། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་དགོས་ཟེར།

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་ཡོད་སའི་ས་ཁུལ་དེ་འཁྲུག་རྩོད་དང་ཛ་དྲག་གི་གནས་བབ་སོགས་འགྲན་རྩོད་མང་བོར་འཕྲད་ཡོད་ལ། ཐུར་ཁེ་ཡིས་འཇིགས་སྐུལ་རིང་ལུགས་བར་ལོ་ངོ་བཞི་བཅུའི་རིང་འཐབ་རྩོད་བྱས་ཡོད་ཟེར།

སྐབས་འདིའི་ཨན་ཐཱ་ལེ་ཡཱའི་ཕྱི་འབྲེལ་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། བརྗོད་སྙིང་ནི་ཉམས་ཉེན་དུས་སྐབས་ཀྱི་ཕྱི་འབྲེལ་ཡིན་ལ། མིག་སྔར་ཞི་བདེ་འཚོལ་ཞིབ་བྱས་ནས་ས་ཁུལ་གྱི་ཟང་ཟིང་གི་གནས་བབ་ཐག་གཅོད་བྱེད་པའི་ཐད་གྲོས་བསྡུར་བྱས་ཏེ་བསམ་ཕྱོགས་གསར་བ་འདོན་སྤྲོད་བྱེད་པའི་ཆེད་རེད། གྲོས་གཞི་གཙོ་བོར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་འདུས་ཡོད། ཧང་ག་རིའི་ཙུང་ལི་ཨིག་ཨར་པན་དང་། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་རྒྱལ་ཁབ་མང་བོའི་ཆབ་སྲིད་མགོ་ཁྲིད་པ་སྐབས་འདིའི་གླེང་སྟེགས་ལ་ཞུགས་ཡོད།

ཨན་ཐཱ་ལེ་ཡཱའི་གླེང་སྟེགས་ནི་ཉིས་སྟོང་ཉེར་གཅིག་ལོར་ཐོག་དང་པོར་ཨན་ཐཱ་ལེ་ཡཱ་ནས་སྤེལ་བ་དང་། ཉིས་སྟོང་ཉེར་གསུམ་ལོར་ཐུར་ཁེ་དང་སི་རི་ཡཱ་རུ་ས་ཡོམ་ཆེན་མོ་བྱུང་བའི་དབང་གིས་ལོ་གཅིག་ལ་སྤེལ་མཚམས་བཞག་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།