ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེར་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཧཱ་ཨར་ཁི་ཧྥུའུ་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་མཉམ་ལས་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་དེའི་ནུས་ཡུན་ལོ་ངོ་བཅུ་རེད་ཟེར།
གྲོས་མཐུན་ལས་གཏན་འཁེལ་བྱས་དོན། ཧི་ལན་གྱིས་ཉིས་སྟོང་ཉེར་བཞི་ལོར་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་གཉིས་ཀྱི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། མ་འོངས་པའི་ལོ་ངོ་བཅུའི་ནང་། ཧི་ལན་གྱིས་ཝུའུ་ཁི་ལན་གྱི་བདེ་འཇགས་དང་རྒྱལ་སྲུང་སྟོབས་ཤུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་དང་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གི་མཉམ་འབྲེལ་ནུས་པ་ཇེ་དྲག་ཏུ་གཏོང་བ། ཝུའུ་ཁི་ལན་གྱི་རྒྱལ་སྲུང་བཟོ་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་ཐད་རོགས་སྐྱོར་བྱེད་རྒྱུ་ཡིན་ལ། ཧི་ལན་གྱིས་གྲོགས་པོའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་མཁའ་སྲུང་མ་ལག་དང་མེ་སྒྱོགས། རྒྱང་འཕེན་མེ་ཤུགས། ཁྲབ་ལྡན་འཁོར་ལོ་སོགས་ཐད་ཀྱི་བྲེལ་མྱུར་དགོས་མཁོ་ཐག་གཅོད་བྱེད་རྒྱུ་རེད།
གྲོས་མཐུན་ལས་གཏན་འཁེལ་བྱས་དོན། ཝུའུ་ཁི་ལན་གྱིས་ཧི་ལན་གྱིས་འདོན་སྤྲོད་བྱས་པའི་དམག་དོན་རོགས་སྐྱོར་དེ་རང་སྲུང་དང་ཟིལ་ཤུགས་སྟེར་བའི་ཕྱོགས་ཁོ་ནར་བཀོལ་བར་འགན་སྲུང་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་དམག་དོན་རོགས་སྐྱོར་དངོས་རྫས་དག་ཁྲིམས་འགལ་གྱིས་སྤོར་བསྒྱུར་བྱེད་པར་སྔོན་འགོག་བྱེད་པའི་ཐད་མཉམ་དུ་ལྟ་རྟོག་བྱེད་རྒྱུ་རེད།
ལོས་ཐི་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོག་འདུའི་སྟེང་བསྟན་དོན། ཧི་ལན་གྱིས་མྱུར་མོར་ཝུའུ་ཁི་ལན་ལ F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་ལ་ད་རུང་སྐོར་གཡེང་གྲུ་གཟིངས་ཉེར་གཉིས་དང་འཐབ་འཛིང་གྲུ་གཟིངས་གསུམ། དེ་མིན་ལོས་ཏཱ་དང་མེ་སྒྱོགས་སོགས་དམག་བཀོལ་དངོས་རྫས་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
ཧི་ལན་དཔོན་ཕྱོགས་ཀྱི་གཞི་གྲངས་ལྟར་ན། ཧི་ལན་གྱིས་ན་ནིང་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་གི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།