དབྱི་སི་རལ་དམག་དཔུང་གིས་ལེ་པ་ནུན་མངའ་ཁོངས་ཀྱི་དབྱི་ལང་གི་དམངས་དམག་རྩ་འཛུགས་ཀྱི་ཁོངས་མིར་འཇབ་རྒོལ་བྱས།
2024.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

དབྱི་སི་རལ་དམག་དཔུང་གིས་ཚེས2ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་ཉིན་དེར་ལེ་པ་ནུན་མངའ་ཁོངས་ཀྱི་དབྱི་ལང་གི་དམངས་དམག་རྩ་འཛུགས་དབྱི་མཱ་མུའུ་ཧུག་སེ་དབྱིན་དམག་དཔུང་གི་ཁོངས་མིར་འཇབ་རྒོལ་བྱས་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱི་འཐབ་འཁྲུག་གནས་ཚུལ་གསལ་བསྒྲགས་ཁྲོད་བཤད་རྒྱུར། དབྱི་སི་རལ་གྱི་དམག་གི་མི་མེད་གནམ་གྲུས་ཉིན་དེའི་སྔ་དྲོར་ལེ་པ་ནུན་ལྷོ་ཕྱོགས་ཀྱི་ནེ་ཀུའུ་ལ་རུ་རླངས་འཁོར་ཞིག་ལ་འཇབ་རྒོལ་བྱས་པ་དང་། རླངས་འཁོར་དུ་བསྡད་པའི་མི་དག་ནི་ཀྲིན་ཀྲུའུ་ཏང་ལ་རོགས་རམ་བྱེད་པའི་དབྱི་མཱ་མུའུ་ཧུག་སེ་དབྱིན་དམག་དཔུང་ཞེས་པ་དེའི་ཁོངས་མི་ཡིན་ལ། ཁོ་ཚོ་ཉེ་ལམ་དབྱི་སི་རལ་གྱི་བྱང་ཕྱོགས་སུ་མེ་ཤུགས་འཕུར་མདའ་འཕངས་པའི་འཇབ་རྒོལ་ཁྲོད་ཞུགས་པ་རེད། གསལ་བསྒྲགས་ལས་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ད་དུང་ཀྲིན་ཀྲུའུ་ཏང་གི་ལེ་པ་ནུན་དུ་ཡོད་པའི་སྒྲིག་ཆས་ལའང་འཇབ་རྒོལ་བྱས་ཟེར།

གཞན་ཨ་རབ་ཀྱི་སྨྱན་བྱད་མང་པོས་ཚེས2ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ལེ་པ་ནུན་ལྷོ་ཕྱོགས་ཀྱི་རླངས་འཁོར་ཞིག་ལ་ཉིན་དེར་དབྱི་སི་རལ་དམག་དཔུང་གི་འཇབ་རྒོལ་ཐེབས་ཏེ། མི་གསུམ་རྐྱེན་ལམ་དུ་ཤོར་ཟེར།

2023ལོའི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་གསར་བ་བྱུང་བའི་ཚུན་ལ། ལེ་པ་ནུན་ཀྲིན་ཀྲུའུ་ཏང་གིས་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པར་མ་ཟད། དེའི་དམག་དོན་རྩ་འཛུགས་ཀྱིས་དབྱི་སི་རལ་གྱི་གཡུལ་སར་མེ་ཤུགས་འཕུར་མདའ་དང་མེ་སྒྱོགས་འཕངས་པ་རེད། དབྱི་སི་རལ་དམག་དཔུང་གིས་བར་སྣང་འཇབ་རྒོལ་དང་སྒྱོགས་མདེལ་འཕངས་ནས་རྒོལ་ལན་སྤྲད། ན་ནིང་གི་ཟླ་བཅུ་གཅིག་པར། དབྱི་སི་རལ་དམག་དཔུང་གིས་དབྱི་ལང་གིས་དབྱི་མཱ་མུའུ་ཧུག་སེ་དབྱིན་དམག་དཔུང་ཞེས་པ་མངགས་ནས་ལེ་པ་ནུན་ལྷོ་ཕྱོགས་སུ་ཀྲིན་ཀྲུའུ་ཏང་ལ་རོགས་བྱས་ཏེ་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་སྐྱོན་བརྗོད་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།