ཕ་ལེ་སི་ཐན་བརྙན་འཕྲིན་ལས་ཁུངས་ཀྱིས་ཚེས2ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས1ཉིན་གྱི་དགོང་མོ་ནས་བཟུང་ཅཱ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཁུལ་མང་པོ་བསྟུར་མུར་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི44བསད་ཟེར།
སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཚེས1ཉིན་གྱི་དགོང་མོར་ཅཱ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅེ་པ་ལིས་ཡེ་ས་ཆའི་ཡུལ་གྱར་པའི་སྒར་ས་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི20བསད་པ་དང་མི16ལ་རྨས་སྐྱོན་བཟོས། བར་སྣང་ནས་འཇབ་རྒོལ་བྱེད་སྐབས་ཡུལ་གྱར་པའི་སྒར་ས་དེའི་ནང་དུ་མི་མང་པོ་ཡོད་པ་དང་། མིག་སྔར་འཚོལ་སྐྱོབ་ལས་དོན་སྔར་སྤེལ་བཞིན་པའི་སྒང་ཡིན། གཞན་ཡང་ཚེས2ཉིན་དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲའི་བྱང་རྒྱུད་དུ་ཡོད་པའི་ཅཱ་ཧྲ་གྲོང་གི་ས་ཁུལ་མང་པོ་བསྟུད་མུར་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི10རྐྱེན་ལམ་དུ་བཏང་ཡོད།
སྤེལ་བའི་གནས་ཚུལ་ལྟར་ན། ཚེས2ཉིན། ཅཱ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་དང་ཧན་ཡིའུ་ཉི་ཟི་ལ་དབྱི་སི་རལ་དམག་དཔུང་གིས་མཁའ་འཇབ་རྒོལ་བྱས་ཏེ། མི14བསད་པ་དང་མི19ལ་རྨས་སྐྱོན་བཟོས་ཟེར།
ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས2ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་དམག་དཔུང་གིས་འདས་ཟིན་པའི་ཆུ་ཚོད24རིང་ལ། ཅཱ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་ནས་མི92བསད་པ་དང་མི156ལ་རྨས་སྐྱོན་བཟོས་ཡོད་ཟེར། ན་ནིང་གི་ཟླ10ཚེས7ཉིན། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་བྱུང་བ་ནས་བཟུང་། ཅཱ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱིས་དམག་དོན་བྱ་སྤྱོད་སྤེལ་ཏེ། མི་ཁྲི་གསུམ་ལྷག་བསད་པ་དང་མི་ཁྲི་བདུན་ལྷག་རྨས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།