ཟླ3པའི་ཚེས1ཉིན་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་གསལ་བསྒྲགས་སྤེལ་ནས་ཟླ2པའི་ཚེས29ཉིན་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་གྲོང་ཁྱེར་ནས་རོགས་སྐྱོར་དངོས་ཟོག་ལེན་པའི་མང་ཚོགས་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས115བར་ཇེ་མང་དུ་ཕྱིན་ཡོད་ཅེས་བཤད། ཚེས1ཉིན་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ་བཅས་ཀྱི་འཐུས་མིས་གྲུབ་པའི་ཚན་ཆུང་ཞིག་གིས་ཅ་ཧྲ་གྲོང་ཁྱེར་ཞིས་ཧྥ་སྨན་ཁང་དུ་སྨན་རྫས་དང་རིམས་འགོག་སྨན་ཁབ། འབར་རྫས་སོགས་ཀྱི་དངོས་ཟོག་བསྐྱལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏི་ཡ་ལི་ཁི་ཡིས་བཤད་རྒྱུར། ཞིས་ཧྥ་སྨན་ཁང་གིས་དངོས་རྫས་ལེན་ས་ནས་འཇབ་རྒོལ་ཕོག་པའི་དོན་རྐྱེན་ཁྲོད་རྨས་ཕོག་པའི་མང་ཚོགས་མང་ཆེ་བ་བསྡུ་ལེན་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་ཆུང་གི་ཁོངས་མིས་མི་མང་པོ་ཞིག་ལ་དོན་རྐྱེན་དེའི་ཁྲོད་དུ་རྨས་སྐྱོན་ཕོག་པ་མཐོང་བྱུང་ཞེས་བཤད། ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱི་དཔོན་རིགས་ཀྱིས་ཅ་ཧྲ་ས་ཁུལ་དུ་བདེ་འཇགས་དང་འགན་ལེན་ཡོད་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བགྲོད་ལམ་འཛུགས་རྒྱུའི་འབོད་སྐུལ་བཏང་།
ཚེས1ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པ་ལིན་ཏི་མའེ་ཨར་གྱིས་བསྟན་དོན། གཞུང་ཕྱོགས་ཀྱི་ཐོ་འགོད་བྱས་པ་ལྟར་ན། ཉུང་མཐར་ཡང་ཅ་ཧྲ་ས་ཁུལ་གྱི་བྱིས་པ10སྨན་ཁང་དུ་བཀྲེས་ལྟོགས་ཀྱིས་ཤི་བར་ཐོ་འགོད་བྱས་ཡོད་པ་དང་། གཞུང་ཕྱོགས་མ་ཡིན་པའི་ཚོད་དཔག་གྲངས་ཀ་དེ་ལས་ཀྱང་མཐོ་ཟེར།