རང་བྱུང་སོལ་རླངས་ཕྱིར་གཏོང་རྒྱལ་ཁབ་ཀྱི་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བདུན་པ་ཚེས་གཉིས་ཉིན་ཨར་ཅི་རི་ཡཱའི་རྒྱལ་ས་ཨར་ཅིར་ནས་བསྡུས། མཐོ་རིམ་གྲོས་ཚོགས་ཉིན་དེའི་ཕྱི་དྲོར་གྲོལ་བ་དང་ཨར་ཅིར་བསྒྲགས་གཏམ་སྤེལ་ནས། གླེང་སྟེགས་ཀྱི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱེད་པ་དང་། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་ནན་བཤད་བྱས།
བསྒྲགས་གཏམ་ལས་བཤད་རྒྱུར། གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རང་བྱུང་སོལ་རླངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་ཉིན་རེར་ཇེ་ཆེར་འགྲོ་བཞིན་པའི་ནུས་ཁུངས་དགོས་མཁོ་བསྐང་བ་སོགས་ཐད་ཀྱི་ནུས་པ་གལ་ཆེན་ཁས་ལེན་བྱས་ཡོད། བསྒྲགས་གཏམ་ལས་ས་ཁུལ་བར་གྱི་ཆབ་སྲིད་དང་དཔལ་འབྱོར་གནས་བབ་ལས་རང་བྱུང་སོལ་རླངས་ཀྱི་ཚོང་རར་བཟོས་པའི་ཉེན་ཁ་དང་འགྲན་རྩོད་བསྟན་པ་དང་། རང་བྱུང་སོལ་རླངས་ཀྱི་མཁོ་འདོན་དགོས་མཁོའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་ལ། དེའི་ཞོར་དུ་རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་རང་བྱུང་སོལ་རླངས་ཀྱི་ཚོང་རའི་གཏན་འཇགས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
བསྒྲགས་གཏམ་ལས་ད་རུང་ལུགས་མཐུན་དང་གཏན་འཇགས་ཀྱི་རང་བྱུང་སོལ་རླངས་ཀྱི་རིན་གོང་སྲུང་འཛིན་དང་རང་བྱུང་སོལ་རླངས་ཚོང་རའི་རྒྱུན་མཐུད་དངུལ་གཏོང་ལ་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁས་ལེན་མ་ཐོབ་པའི་ཕྱོགས་གཅིག་གི་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པར་ངོ་རྒོལ་བྱས། བསྒྲགས་གཏམ་ལས་བཤད་རྒྱུར། གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ནུས་མཐོ་དང་བློ་གཏད་རུང་བའི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་ལ་འགན་སྲུང་བྱེད་རྒྱུ་མ་ཟད། དེའི་ཞོར་དུ་རང་བྱུང་སོལ་རླངས་ཀྱི་གསར་སྤེལ་བེད་སྤྱོད་རྒྱ་བསྐྱེད་ནས། རྒྱུན་མཐུད་འཕེལ་རྒྱས་དང་ནམ་ཟླའི་འགྱུར་ལྡོག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་གཏམ་བཤད་སྤེལ་སྐབས་གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་དང་། རང་བྱུང་སོལ་རླངས་ཕྱིར་གཏོང་རྒྱལ་ཁབ་དང་ནང་འདྲེན་རྒྱལ་ཁབ་བར་གྱི་གྲོས་མོལ་ལ་ཤུགས་སྣོན་བྱས་ཤིང་། ཐུན་མོང་རེ་འདུན་གཏན་འབེབས་བྱེད་པ་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རང་བྱུང་སོལ་རླངས་ཀྱི་ཚོང་རའི་གཏན་འཇགས་དང་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།