ཕཱ་ཁི་སི་ཐན་གྲོས་ཁང་ཞོལ་མས་ཚེས་གསུམ་ཉིན་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། མུའུ་སི་ལིན་མནའ་འབྲེལ་གྱི་ཀྲུའུ་ཞི་ཞཱ་པཱ་ཙི་ཞེ་ལི་ཧྥུའུ་བདམས་ཐོན་བྱུང་ཡོད་ལ། དེ་ནི་ཞཱ་པཱ་ཙི་ཞེ་ལི་ཧྥུའུ་ཐེངས་གཉིས་པར་ཕཱ་ཁི་སི་ཐན་གྱི་ཙུང་ལིར་བདམས་པ་རེད།
ཉིན་དེའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེར་གསར་དུ་འགན་ཁུར་བའི་གྲོས་ཁང་ཞོལ་མའི་གྲོས་དཔོན་སཱ་ཏིས་ཁི་ཡིས་མགོ་འཛིན་བྱས། ཞཱ་པཱ་ཙི་ལ་གྲོས་མི་ཉིས་བརྒྱ་དང་གཅིག་གི་རྒྱབ་སྐྱོར་ཐོབ་པ་དང་། ཞོན་ནེ་ཕྱོགས་ཁག་མཐུན་སྒྲིལ་ཨུ་ཡོན་ལྷན་ཁང་སོགས་ཏང་ཁག་གིས་མཚམས་སྦྱོར་བྱས་པའི་སྒེར་ཚུགས་ཀྱི་གྲོས་མིའམ་དྲང་བདེན་ལས་འགུལ་ཏང་གི་མགོ་ཁྲིད་པ་ཨོ་མཱ་ཨར་ཨ་ཡུག་པུའུ་ཧན་ལ་གྲོས་མི་གོ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཞཱ་པཱ་ཙི་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིར་བདམས་ཐོན་བྱུང་བ་རེད། འདེམ་ཤོག་འཕེན་པའི་བྱ་བ་མགོ་བརྩམས་རྗེས། དབྱི་སི་ལན་ཞན་ཀྲི་ཚོགས་པའི་གྲོས་མི་ཚང་མ་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་མ་ཞུགས་པར་མཉམ་དུ་ཚོགས་རར་ཁ་བྲལ་བ་རེད།
ཙུང་ལིར་བདམས་ཐོན་བྱུང་རྗེས། ཞཱ་པཱ་ཙི་ཡིས་གྲོས་ཁང་ཞོལ་མར་གཏམ་བཤད་སྤེལ། ཁོས་བསྟན་དོན། ཀྲུང་གོ་ནི་ཕཱ་ཁི་སི་ཐན་གྱི་ཡུན་རིང་ཉམས་སད་ཐེག་པའི་གྲོགས་པོ་རྙིང་བ་དང་། རྣམ་དག་བློ་གཏད་རུང་བའི་གྲོགས་པོ་བཟང་བོ་ཡིན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕཱ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་རྒྱུ་ལམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། དམིགས་འབེན་དེ་བདེ་བླག་ངང་མངོན་འགྱུར་ཐུབ་པར་ཡིད་ཆེས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།