ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་ཚེས་གསུམ་ཉིན་རྒྱལ་ས་ཨར་ཅིར་ནས་བཤད་རྒྱུར། ཁོས་ཨར་ཅི་རི་ཡཱ་དང་དབྱི་ལིང་གི་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་བའི་ཆོད་སེམས་ཡོད་ཟེར།
ཨར་ཅི་རི་ཡཱ་དང་དབྱི་ལིང་གིས་ཉིན་དེར་མཉམ་ལས་གྲོས་མཐུན་མང་བོ་བཀོད་ཡོད་ཅིང་། ནུས་ཁུངས་དང་གསར་འཛུགས་ཁེ་ལས། གནས་སྐོར། གསར་འགྱུར། ལུས་རྩལ་སོགས་ཁྱབ་ཁོངས་ལ་འབྲེལ་བ་ཡོད། ཐི་པིན་གྱིས་གྲོས་མཐུན་བཀོད་རྗེས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨར་ཅི་རི་ཡཱ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་འབྲེལ་བ་དེ་རྣམ་དག་གི་མཛའ་བརྩེ་དང་མཉམ་ལས་ཟབ་མོའི་རྨང་གཞིའི་སྟེང་བཙུགས་ཡོད་ལ། ཁོས་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་བའི་ཆོད་སེམས་ཡོད་ཟེར། ཐི་པིན་གྱིས་ད་རུང་དབྱི་ལིང་གི་མགོ་ཁྲིད་པས་ཕཱ་ཁི་སི་ཐན་ལ་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་ལ་གཟེངས་བསྟོད་བྱས།
ལའེ་ཞེ་ཡིས་དབྱི་ལིང་དང་ཨར་ཅི་རི་ཡཱའི་འབྲེལ་བ་སྲ་བརྟན་ཡིན་པའི་ཚུལ་བསྟན་པར་མ་ཟད། ན་གཞོན་དག་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་རྒྱ་བསྐྱེད་དགོས་པ་ནན་བཤད་བྱས། ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་རིགས་རྒྱུད་ཚར་གཅོད་དང་འཐབ་འཁྲུག་ནག་ཉེས་བཟོས་པར་ལངས་ཕྱོགས་འདྲ་མཚུངས་བཟུང་ཡོད་ཟེར།
ཨར་ཅི་རི་ཡཱ་རུ་དངོས་གཞིའི་འཚམས་འདྲི་མ་བྱས་གོང་། ལའེ་ཞེ་ཚེས་གཉིས་ཉིན་རང་བྱུང་སོལ་རླངས་ཕྱིར་གཏོང་རྒྱལ་ཁབ་ཀྱི་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བདུན་པར་ཞུགས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།