ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་རྒུད་སྐྱོབ་དངོས་རྫས་ལེན་ས་ཞིག་ལ་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཐེབས་ནས། མི་བཅུ་ཕྲག་འགར་ཤི་རྨས་བཟོས་ཡོད་ཟེར།
ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་བྱུང་སྐབས་ཕཱ་ལེ་སི་ཐན་གྱི་མི་མང་བོས་ཕྱེ་ལེན་པར་སྒུག་ཡོད་པ་དང་། ཤི་རྨས་ཐེབས་མཁན་དག་ཅ་ཧྲ་མཁར་གྱི་ཞི་ཧྥ་སྨན་ཁང་དུ་བསྐྱལ་ཡོད་ལ། རྨས་མའི་གྲས་ཀྱི་མི་མང་བོའི་རྨས་སྐྱོན་ཚབས་ཆེན་རེད་ཟེར།
གཞན་ཡང་ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་སྔ་དྲོར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར་གྱི་རྒུད་སྐྱོབ་དངོས་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་ཟེར། དེ་ལས་གཞན་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་སའི་སྡོད་ཁང་ཞིག་ལ་ཉིན་དེའི་དགོང་མོར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།