ཕཱ་ཁི་སི་ཐན་གྱི་གསར་དུ་བདམས་པའི་ཙུང་ལི་ཞཱ་པཱ་ཙི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2024.03.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཕཱ་ཁི་སི་ཐན་གྱི་གསར་དུ་བདམས་པའི་ཙུང་ལི་ཞཱ་པཱ་ཙི་ཡིས་ཚེས་བཞི་ཉིན་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ལས་འགན་ཁུར་བའི་མཛད་སྒོ་དེ་ཉིན་དེའི་ཕྱི་དྲོར་བསྡུས་པ་དང་། ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ཡིས་མགོ་འཛིན་བྱས། ཕཱ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སིང་ཅི་ལཱ་ནེ་དང་། གྲོས་ཁང་ཞོལ་མའི་གྲོས་དཔོན་སཱ་ཏིས་ཁི་སོགས་མཛད་སྒོར་ཞུགས། མཛད་སྒོ་མཇུག་སྒྲིལ་རྗེས། ཞཱ་པཱ་ཙི་ཙུང་ལིའི་བཞུགས་ཤག་ཏུ་སོང་ནས་དམག་གསུམ་གཟབ་སྦྲེང་རུ་ཁག་ལ་དམག་གཟིགས་བྱས་པ་དང་། ཙུང་ལིའི་ལས་འགན་ལག་བསྟར་བྱེད་མགོ་བརྩམས།

ཚེས་གསུམ་ཉིན་ཕཱ་ཁི་སི་ཐན་གྲོས་ཁང་ཞོལ་མས་ཙུང་ལིའི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། མུའུ་སི་ལིན་མནའ་འབྲེལ་གྱི་ཀྲུའུ་ཞི་ཞཱ་པཱ་ཙི་ལ་གྲོས་མི་ཉིས་བརྒྱ་དང་གཅིག་གི་རྒྱབ་སྐྱོར་ཐོབ་ནས། སྐབས་གསར་བའི་ཙུང་ལིར་བདམས་ཐོན་བྱུང་། ཕཱ་ཁི་སི་ཐན་གྱི་རྩ་ཁྲིམས་ལྟར་ན། སྲིད་གཞུང་གི་ཙུང་ལིའི་འགན་ཡུན་ལོ་ངོ་ལྔ་ཡིན་པ་དང་། བསྟུད་འགན་ཁུར་ཆོག་པ་རེད།

དེ་ནི་ཞཱ་པཱ་ཙི་ཡིས་ཐེངས་གཉིས་པར་ཕཱ་ཁི་སི་ཐན་གྱི་ཙུང་ལིའི་འགན་ཁུར་བ་རེད། ཁོས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཞི་བ་ནས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བརྒྱད་པའི་བར་ཕཱ་ཁི་སི་ཐན་གྱི་ཙུང་ལིའི་འགན་ཁུར་མྱོང་།


བསོད་ནམས་ཚེ་རིང་གིས་བསྒྱུར།