ཧན་གོའི་དམངས་ཁྲོད་ཚོགས་ཁག་ཞི་བདེ་གཅིག་གྱུར་གསར་འབྱེད་མཁན་ཞེས་པས་ཚེས་བཞི་ཉིན་གྱི་སྔ་དྲོར་ཧྲིག་ཨར་གྱི་ལུང་ཧྲན་ཙུང་ཐུང་བཞུགས་ཤག་མདུན་ནས་ངོ་རྒོལ་འདུ་ཚོགས་བསྡུས་ཏེ། ཧན་གོ་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་སྤེལ་མགོ་བརྩམས་པའི་ཚབ་མིང་ལ་རང་དབང་གི་ཕུབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་མྱུར་མོར་མཚམས་འཇོག་དགོས་པའི་རེ་བ་བཏོན།
འདུ་ཚོགས་ལ་ཞུགས་པའི་ཧན་གོའི་མང་ཚོགས་ཀྱིས་ཧན་གོ་དང་ཨ་མེ་རི་ཁའི་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་ཞེས་པ་དང་། ཧན་གོ་དང་འཇར་པན་གྱི་མནའ་འབྲེལ་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་འཕྲེད་བྱང་བཟུང་སྟེ། སྐམ་སར་འབུད་པའི་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་པ་དང་ཁྲིམས་འགལ་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་ཞེས་པའི་ཁ་གཡང་མཐོན་པོར་བསྒྲགས།
ཞི་བདེ་གཅིག་གྱུར་གསར་འབྱེད་མཁན་ཞེས་པས་ཉིན་དེར་སྨྱན་བྱད་ལ་བྱིན་པའི་རྒྱུ་ཆའི་ནང་བཤད་རྒྱུར། ཐེངས་འདིའི་ཧན་གོ་དང་ཨ་མེ་རི་ཁའི་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་སྔོན་ཆད་ལས་ཆེ་བ་དང་། དེ་ནི་ཁྲའོ་ཞན་ཕྱེད་གླིང་དེ་ཉིང་རྡུལ་ནུས་པའི་འཐབ་འཁྲུག་གི་གནས་སུ་ལྷུང་བའི་ཉེན་ཁ་ཧ་ཅང་ཆེ་བའི་དམག་དོན་སྦྱོང་བརྡར་ཅིག་རེད་ཟེར། དེ་ལས་གཞན་ཨོ་སི་ཁྲུ་ལི་ཡཱ་དང་ཁཱ་ནཱ་ཏཱ། ཧྥ་རན་སི། དབྱིན་ཇི་སོགས་མཉམ་འབྲེལ་དམག་དོན་དམག་སྤྱི་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བཅུ་གཉིས་ཀྱང་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ལ། དེ་ལས་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་དུ་དྲག་ཆས་འཁྲུག་རྩོད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་ཟེར།
ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་དེའི་སྔོན་བསྟན་དོན། ཐེངས་འདིའི་ཧན་གོ་དང་ཨ་མེ་རི་ཁའི་རང་དབང་གི་ཕུབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཟླ་གསུམ་པའི་ཚེས་བཅུ་བཞིའི་བར་སྤེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།