ཀྲུང་གོས་མོང་གོལ་ལ་གངས་གནོད་ཚབས་ཆེན་ཐེབས་པའི་ཐད་ནས་མོང་གོལ་ལ་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱས།
2024.03.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཀྲུང་གོའི་སྲིད་གཞུང་གིས་མོང་གོལ་སྲིད་གཞུང་ལ་གངས་གནོད་ཀྱི་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱེད་པའི་བརྒྱུད་སྤྲོད་མཛད་སྒོ་ཚེས་བཞི་ཉིན་མོང་གོལ་གྱི་རྒྱལ་ས་ཝུའུ་ལན་པཱ་ཐའོ་ཡི་རྒྱལ་ཁབ་ཕོ་བྲང་ནས་བསྡུས། མོང་གོལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྲིན་མེན་ཅུན་གྱིས་ཉིན་དེར་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཡུན་ཨེར་ཏིན་ལ་རོགས་སྐྱོར་མ་དངུལ་དང་དངོས་རྫས་བརྒྱུད་སྤྲོད་བྱས།

ཨོ་ཡུན་ཨེར་ཏིན་གྱིས་ཀྲུང་གོའི་ཕྱོགས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མོང་གོལ་རྒྱལ་ཁབ་ལ་གངས་གནོད་བྱུང་ནས་འབྲོག་དམངས་ཀྱི་འཚོ་བ་དཀའ་ཁག་ཆེན་པོ་འཕྲད་པའི་དམིགས་བསལ་གྱི་དུས་སྐབས་སུ། མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་གོ་ཡིས་སྔོན་ལ་རོགས་སྐྱོར་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་བཟང་བོའི་མིག་དཔེ་བསྟན་ཡོད་ལ། ཀྲུང་གོའི་ནང་སོག་རང་སྐྱོང་ལྗོངས་ཀྱིས་ཀྱང་སེམས་དྲོ་བའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད། ད་ལོ་ནི་མོང་གོལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཆོང་སྐྱོད་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བདེ་ཐང་ཡོང་བར་རེ་བཞིན་ཡོད་ཟེར།

ཧྲིན་མེན་ཅུན་གྱིས་བསྟན་དོན། ཀྲུང་གོ་དང་མོང་གོལ་ནི་རི་ཆུ་གཅིག་ཏུ་འབྲེལ་ཞིང་མཛའ་བརྩེ་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། གནོད་འཚེའི་མདུན་ནས་ཕན་ཚུན་རོགས་རེས་དང་རྒྱབ་སྐྱོར་བྱེད་དགོས། ཐེངས་འདིར་ཀྲུང་གོས་མོང་གོལ་ལ་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱས་པ་ནི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་ལྷག་བསམ་རྣམ་དག་དང་དཀྱེལ་ཡངས་འདུ་ཤེས་ཀྱི་བྱེ་བྲག་གི་མཚོན་ཐབས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མོང་གོལ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཉིས་སྟོང་ཉེར་གསུམ་ལོའི་དགུན་ཚུགས་པའི་ཚུན་ལ། མོང་གོལ་གྱི་ཆ་སྙོམས་ཁ་བའི་འབབ་ཚད་གཅིག་སྟོང་དགུ་བརྒྱ་དོན་ལྔ་ལོའི་ཚུན་གྱི་ཆེས་མཐོ་བའི་ཟིན་ཐོ་བསྐྲུན་ཡོད། མོང་གོལ་དཔོན་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པའི་གནས་ཚུལ་གསར་བ་ལྟར་ན། མིག་སྔའི་བར་དུ་མཐོང་དཀོན་པའི་འཁྱག་གྲང་དང་གངས་རླུང་ནམ་ཟླ་ལས་མོང་གོལ་རྒྱལ་ཁབ་ལ་ཕྱུགས་ཟོག་ས་ཡ་གསུམ་ཙམ་གྱི་གྱོང་གུད་བྱུང་བ་དང་། ཕྱུགས་ལས་ཐོན་སྐྱེད་དང་འབྲོག་དམངས་ཀྱི་འཚོ་བར་ཤུགས་ཆེན་ཚབས་ཆེན་ཐེབས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།