ནེ་པཱ་ལཱའི་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་ཡིས་ཚེས་བཞི་ཉིན་ནེ་པཱ་ལཱའི་ཚོགས་ཆེན་ཏང་བར་གྱི་མཉམ་ལས་མཚམས་བཞག་སྟེ། ཡང་བསྐྱར་ནེ་པཱ་ལཱའི་མཱ་ལེ་མཉམ་འབྲེལ་གུང་ཁྲན་ཏང་དེ་མཉམ་འབྲེལ་སྲིད་གཞུང་ནང་འཐེན་པར་མ་ཟད་སྲིད་འཛིན་ལས་ཁུངས་ལ་བཅོས་སྒྲིག་བྱས།
ནེ་པཱ་ལཱའི་གུང་ཁྲན་ཏང་གི་མགོ་ཁྲིད་པ་པའོ་ཏི་ཨར་གྱིས་ཉིན་དེར་གསར་འགོད་པར་གོང་གི་གནས་ཚུལ་དེ་བཤད་པ་རེད།
ཕུའུ་ལཱ་ཁྲང་ཏཱ་ཡིས་ཉིན་དེར་པུའུ་ཀྲང་ཚང་མའི་ལས་འགན་མེད་པར་བཏང་རྗེས་ཐོག་མར་པུའུ་ཀྲང་གསར་བ་གསུམ་བསྐོ་འཇོག་བྱས། ཁོ་ཚོ་ནི་སོ་སོར་ཕུའུ་ལཱ་ཁྲང་ཏཱ་ཡིས་མགོ་ཁྲིད་པའི་ནེ་པཱ་ལཱའི་གུང་ཁྲན་ཏང་དང་ནེ་པཱ་ལཱའི་མཱ་ལེ་མཉམ་འབྲེལ་གུང་ཁྲན་ཏང་། མི་རིགས་སྒེར་ཚུགས་ཏང་བཅས་ནས་ཡོང་བ་རེད། ནེ་པཱ་ལཱའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་པུའུ་ཀྲང་གསར་བས་ལས་འགན་ཁུར་བའི་གསལ་སྒྲོག་སྤེལ་བར་མ་ཟད། པུའུ་ཀྲང་གསར་བ་དེ་གསུམ་གྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།