ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་ཉིན་དེར་ཨ་རབ་མཚོ་ཁོངས་སུ་བགྲོད་པའི་དབྱི་སི་རལ་གྱི་གྲུ་གཟིངས་ཤིག་ལ་འཕུར་མདའ་འགའ་གཏོང་འཕེན་བྱས་པར་མ་ཟད། མི་བསྡད་མེད་པའི་གནམ་གྲུ་དང་འཕུར་མདའ་བཀོལ་ནས་མཚོ་དམར་མཚོ་ཁོངས་སུ་བགྲོད་པའི་ཨ་མེ་རི་ཁའི་དམག་གྲུ་ཞིག་ལ་འཇབ་རྒོལ་བྱས་ཡོད་ཟེར།
སཱ་ལོས་ཡཱ་ཡིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེར་འཕུར་མདའ་བཀོལ་ནས་ས་དཀྱིལ་མཚོ་ཁོངས་ཀྱི་མཁའ་དབྱིངས་རྟགས་ཅན་གྱི་དངོས་སྐྱེལ་གྲུ་གཟིངས་ཞིག་ལ་འཇབ་རྒོལ་བྱས་པ་དང་། དེའི་རྗེས་སུ་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་མང་བོ་བཀོལ་ནས་མཚོ་དམར་མཚོ་ཁོངས་སུ་བགྲོད་པའི་ཨ་མེ་རི་ཁའི་དམག་དོན་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་ཡོད་ཟེར།
སཱ་ལོས་ཡཱ་ཡིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་དུས་མཉམ་དུ་མཚོ་དམར་དང་ཨ་རབ་མཚོ་ཁོངས་ཀྱི་དམངས་ཀྱི་གྲུ་གཟིངས་དང་དམག་གྲུར་འཇབ་རྒོལ་བྱེད་པའི་ནུས་པ་ཡོད་ཅིང་། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་རག་བར་དུ་རྩ་འཛུགས་དེས་འཇབ་རྒོལ་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།
ཁྱབ་བསྒྲགས་བྱས་པའི་མཚོ་འགྲུལ་རྒྱུ་ཆ་ལྟར་ན། ས་དཀྱིལ་མཚོ་ཁོངས་ཀྱི་མཁའ་དབྱིངས་རྟགས་ཅན་ནི་ལི་པུ་ལི་ཡཱའི་རྒྱལ་དར་བཀལ་བའི་ཟོང་སྒམ་དྲུད་པའི་དངོས་སྐྱེལ་གྲུ་གཟིངས་ཤིག་ཡིན་པ་དང་། ཟོང་སྒམ་སྐྱེལ་འདྲེན་གྱི་ཁེ་ལས་གཙོ་བོ་ས་དཀྱིལ་མཚོ་ཁོངས་ཀྱི་མཚོ་འགྲུལ་ཀུང་ཟིས་ཚོང་གཉེར་བྱེད་བཞིན་ཡོད་པ་རེད།
ཚེས་བཞི་ཉིན། དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་འགུལ་སྐྱོད་གཞུང་སྒྲུབ་ཁང་གིས་ཡཱ་ཏེན་མཚོ་ཁུགས་ནས་དངོས་སྐྱེལ་གྲུ་གཟིངས་ཤིག་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་སྙན་ཞུ་བྱས། གཞུང་སྒྲུབ་ཁང་དེས་འཇབ་རྒོལ་ཐེབས་པའི་གྲུ་གཟིངས་ཀྱི་མིང་བསྒྲགས་མེད་ཀྱང་། སྙན་ཞུ་ལས་ཟོང་སྒམ་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ཤིག་ལ་ཉིན་དེའི་ཕྱི་དྲོར་འཕུར་མདའ་གཉིས་ཀྱི་འཇབ་རྒོལ་ཐེབས་ནས་གྲུ་གཟིངས་ལ་གཏོར་བཤིག་ཐེབས་ཡོད་ལ། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད།
ཨ་མེ་རི་ཁ་ཕྱོགས་ཀྱིས་ཧུའུ་སེ་དྲག་ཆས་པས་མིག་སྔར་ད་རུང་བཤད་པའི་དམག་གྲུར་འཇབ་རྒོལ་བྱས་པའི་གནད་དོན་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།