དབྱི་ལིང་གི་ནང་སྲིད་པུའུ་ཀྲང་ཝ་ཞི་ཏིས་ཀྱིས་ཚེས་བཞི་ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་འདིའི་ཚེས་གཅིག་ཉིན་བསྡུས་པའི་སྐབས་བཅུ་གཉིས་པའི་གྲོས་ཁང་གི་འདེམ་བསྐོ་དང་སྐབས་དྲུག་པའི་ཆེད་མཁས་པའི་གྲོས་ཚོགས་འདེམ་བསྐོའི་ཁྲོད། ལས་གནས་ཞེ་ལྔའི་འདེམ་ཤོག་ཐོབ་ཚད་བཅའ་ཁྲིམས་ཀྱི་གཏན་འཁེལ་བྱས་པའི་རེ་བར་བསླེབས་མེད་པས། ཟླ་བཞི་བའི་ཟླ་སྨད་དུ་ལས་གནས་དེ་དག་ལ་སྐོར་ཐེངས་གཉིས་པའི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།
ཝ་ཞི་ཏིས་ཀྱིས་ཏི་ཧེ་ལན་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འདེམ་དམངས་བྱེ་བ་དྲུག་དང་ས་ཡ་གཅིག་འབུམ་གཅིག་ཁྲི་བདུན་ཁྲོད་ཀྱི་བྱེ་བ་གཉིས་དང་ས་ཡ་ལྔ་གྲོས་ཁང་དང་ཆེད་མཁས་པའི་གྲོས་ཚོགས་ཀྱི་འདེམ་བསྐོ་ལ་ཞུགས་ཡོད་པ་དང་། འདེམ་ཤོག་འཕངས་ཚད་བརྒྱ་ཆའི་ཞེ་གཅིག་ཡིན་ཟེར། ཁོས་བསྟན་དོན། བསྡོམས་པས་འདེམ་སྒུག་པ་ཉིས་བརྒྱ་དང་ཞེ་ལྔ་སྐོར་ཐེངས་དང་པོའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་བདམས་པ་དང་། གཞན་ཡང་མི་གྱ་བརྒྱད་ལ་ཆེད་མཁས་པའི་གྲོས་ཚོགས་ཀྱི་ལས་གནས་ཐོབ་ཡོད་ཟེར།
དབྱི་ལིང་གི་སྐབས་བཅུ་གཉིས་པའི་གྲོས་ཁང་གི་འདེམ་བསྐོ་དང་སྐབས་དྲུག་པའི་ཆེད་མཁས་པའི་གྲོས་ཚོགས་ཀྱི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་གཅིག་ཉིན་དངོས་སུ་མགོ་བརྩམས་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་འདེམ་ཤོག་འཕེན་ས་ཁྲི་ལྔ་དང་སྟོང་དགུ་བཀོད་སྒྲིག་བྱས་ཡོད། ཐེངས་འདིའི་འདེམ་བསྐོའི་ཁྲོད། འདེམ་སྒུག་པ་ཁྲི་གཅིག་དང་སྟོང་ལྔ་ལྷག་གིས་གྲོས་མིའི་ལས་གནས་ཉིས་བརྒྱ་དང་དགུ་བཅུར་འགྲན་རྩོད་བྱེད་རྒྱུ་ཡིན་པ་དང་། འདེམ་སྒུག་པ་བརྒྱ་དང་ཞེ་ལྔ་ཡིས་དབྱི་ལིང་གི་ཆེད་མཁས་པའི་གྲོས་ཚོགས་ཀྱི་ལས་གནས་གྱ་བརྒྱད་ལ་འགྲན་རྩོད་བྱེད་རྒྱུ་རེད།
དབྱི་ལིང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ལོ་ངོ་བཞིའི་ནང་ཐེངས་རེ་སྤེལ་བཞིན་ཡོད། དབྱི་ལིང་གི་ཆེད་མཁས་པའི་གྲོས་ཚོགས་ནི་འདེམ་བསྐོ་དང་ལྟ་རྟོག དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་འདེམ་བསྐོ་བྱེད་པའི་འགན་ཁུར་བའི་ཆེས་མཐོའི་དབང་ཤུགས་ལས་ཁུངས་ཡིན་ལ། ཆེད་མཁས་པའི་གྲོས་ཚོགས་ཀྱི་འདེམ་བསྐོའི་བྱ་འགུལ་དེ་ལོ་ངོ་བརྒྱད་ཀྱི་ནང་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། དེའི་ཁོངས་གཏོགས་མི་སྣ་ནི་འདེམ་དམངས་དག་གིས་ཆོས་ལུགས་དང་ཁྲིམས་རིག་པའི་ཁྲོད་ནས་གདམ་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།