མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཅཱ་ཐེ་ཐི་ཡིས་ཚེས་བཞི་ཉིན་བསྟན་དོན། ནོར་སྲིད་བར་སྟོང་ཇེ་ཆུང་དུ་འགྲོ་བ་ནི་མིག་སྔར་ཨ་ཧྥེ་རི་ཁ་གླིང་གི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཐད་གནས་པའི་འགྲན་རྩོད་ཚབ་ཆེན་ཞིག་རེད་ཟེར།
སྐབས་ང་དྲུག་པའི་ཨ་ཧྥེ་རི་ཁ་གླིང་གི་ནོར་སྲིད་དང་འཆར་འགོད། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་པུའུ་ཀྲང་གྲོས་ཚོགས་དེ་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ནས་ཟླ་གསུམ་པའི་ཚེས་ལྔ་ཉིན་བར་ཙེམ་པབ་ཝེའི་ནུབ་ཕྱོགས་ཀྱི་གནས་སྐོར་གྲོང་ཁྱེར་ཝེ་ཏའོ་ལེ་ཡཱ་རྦབ་ཆུའི་མཁར་ནས་བསྡུས། གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཨ་ཧྥེ་རི་ཁ་གླིང་དེ་དཀྱེལ་ཡངས་ཅན་གྱི་ལྷད་མེད་དཔལ་འབྱོར་ལ་རིམ་སྤོར་དངུལ་གསོག་བྱེད་ཆེད། ཁ་ཚ་དགོས་གཏུག་གི་གནད་དོན་ནི་གོ་སྐབས་དང་སྲིད་ཇུས་གདམ་གསེས་བྱེད་རྒྱུ་དེ་ཡིན་ཟེར།
ཅཱ་ཐེ་ཐི་ཡིས་ཚེས་བཞི་ཉིན་གྲོས་ཚོགས་སྐབས་སུ་བསྟན་དོན། ཨ་ཧྥེ་རི་ཁ་གླིང་དུ་མིག་སྔར་དངུལ་ལོར་ཚད་བརྒལ་འགྲེམ་པའི་ཁེ་ལས་ཇེ་མང་དུ་འགྲོ་བ་དང་། དངུལ་བུན་གྱི་འགན་འཁྲི་ཇེ་ལྗིད་དུ་འགྲོ་ལ། དཔལ་འབྱོར་འཕར་སྣོན་གྱི་ཤུགས་ཚད་ཞན་པར་མ་ཟད། རང་ལ་དབང་བའི་དངུལ་གསོག་གདམ་གསེས་ལ་ཚད་ཡོད། ནོར་སྲིད་ཀྱི་བར་སྟོང་རྒྱུན་ཆད་མེད་པར་ཇེ་ཆུང་དུ་འགྲོ་བ་ནི་མིག་སྔར་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཐད་གནས་པའི་ཆེས་ཛ་དྲག་ཆེ་བའི་འགྲན་རྩོད་ཅིག་རེད་ཟེར།
ཁོས་བལྟས་ན། ད་ལྟ་ཨ་ཧྥེ་རི་ཁ་གླིང་གི་མདུན་དུ་ལྷགས་པའི་ནོར་སྲིད་གནད་དོན་དེ་འཛམ་གླིང་ཡོངས་ཀྱི་དངུལ་ལོར་སྒྲོམ་གཞི་ལས་བྱུང་བའི་གྲུབ་ཚུལ་རང་བཞིན་གྱི་གནད་དོན་ཅིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་དངུལ་ལོར་སྒྲོམ་གཞི་དེ་དུས་རབས་ཀྱི་རྗེས་སུ་ལུས་ཡོད་པས། བཅོས་བསྒྱུར་བྱས་ཏེ་འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་གི་འཛམ་གླིང་ཡོངས་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་གསར་བའི་རྣམ་པ་མཚོན་པར་བྱེད་དགོས་པར་འདོད།
ཅཱ་ཐེ་ཐི་ཡིས་བཤད་རྒྱུར། དཔྱད་འཇོག་རིམ་པའི་ལས་ཁུངས་གཙོ་བོ་རེ་འགའི་འདྲ་མཉམ་མིན་པའི་ཉེན་ཁའི་ངོས་འཛིན་དང་ཡིད་རྟོན་དཔྱད་འཇོག་ལས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་དངུལ་བསྐྱིས་གདམ་གསེས་ལ་ཚད་བཀག་ཡོད་པར་བྱས་ཡོད་ལ། གནད་དོན་དེ་ངེས་པར་དུ་ཐག་གཅོད་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།