མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཅཱ་ཧྲའི་མི་ཆོས་རིང་ལུགས་ཀྱི་ཐག་གཅོད་ནུས་པ་ཉམས་དམས་སུ་འགྲོ་བའི་ཉེན་ཁ་ཡོད་པའི་ཚུལ་བསྟན།
2024.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་ཀྲུའུ་རིན་ཆེད་དོན་པ་ལཱ་ཀྲ་ལི་ནེ་ཡིས་ཚེས་བཞི་ཉིན་བསྟན་དོན། དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་དེ་བསམ་བཞིན་གཏོར་བརླག་བཏང་ནས་མཇུག་མཐར་དེའི་འཁོར་སྐྱོད་མཚམས་འཇོག་ཏུ་འཇུག་པའི་རོགས་ལས་འགུལ་སྐྱོད་ཅིག་ལ་འཕྲད་ཡོད་པ་དང་། དེ་ལས་ཅཱ་ཧྲའི་མི་ཆོས་རིང་ལུགས་ཀྱི་ཐག་གཅོད་ནུས་པ་དུས་ཡུན་ཐུང་ངུའི་ནང་ཉམས་དམས་སུ་འགྲོ་ཡང་སྲིད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིན་དེར་བསྡུས་པའི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་ལས་དབང་མདུན་ལམ་གནད་དོན་ལ་འབྲེལ་བའི་དངོས་གཞི་མིན་པའི་གྲོས་ཚོགས་སྟེང་། ལཱ་ཀྲ་ལི་ནེ་ཡིས་ནན་གྱིས་བསྟན་དོན། དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་གྲོས་མོལ་མ་བྱས་པའི་གནས་ཚུལ་འོག མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་མངའ་ཁོངས་ཀྱི་ཞི་བདེའི་ཆེད་དུ་གཏན་འཁེལ་བྱས་པའི་དུས་ཡུན་རིང་བོའི་ཆབ་སྲིད་གཞི་གྲངས་བཅོས་བསྒྱུར་བྱེད་པ་དང་། དེའི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་དེའི་དཀའ་སྡུག་གི་དཔང་མི་ཡིན་པའི་ནུས་པ་མེད་པར་གཏོང་བའི་ཆེད་དུ་ཡིན། དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་ལས་འགན་ལས་འདྲ་མཉམ་དང་ཡུན་རིང་གི་ཆབ་སྲིད་ཐག་གཅོད་ལ་བརྟེན་པའི་རེ་བ་མངོན་པར་མཚོན་ཡོད་ཟེར།

ལཱ་ཀྲ་ལི་ནེ་ཡིས་བཤད་རྒྱུར། དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་གཏོར་བ་ནི་མིག་རྒྱང་ཐུང་བའི་བྱ་སྤྱོད་ཅིག་ཡིན། དེ་ལྟར་བྱས་ན་ང་ཚོས་རབས་གཅིག་གི་བྱིས་པ་བརླག་སྲིད་པ་དང་། འཁོན་སེམས་དང་ཞེ་སྡང་། མ་འོངས་པར་འཁྲུག་རྩོད་བྱེད་པའི་ས་བོན་གཏོར་སྲིད། གལ་ཏེ་འགུལ་སྐྱོད་སྤེལ་ནས་ཡོ་བསྲང་མ་བྱས་ན། ཅཱ་ཧྲའི་མི་ཆོས་རིང་ལུགས་ཀྱི་ཐག་གཅོད་ནུས་པ་དུས་ཡུན་ཐུང་ངུའི་ནང་ཉམས་དམས་སུ་འགྲོ་སྲིད་ལ། རྒྱལ་སྤྱིའི་ཁྲིམས་ཁང་གི་བཀའ་རྒྱ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་པར་འབོད་སྐུལ་གཏོང་བའི་གྲོས་ཆོད་དེ་ལག་བསྟར་བྱེད་ཐབས་མེད་ཟེར།

ལཱ་ཀྲ་ལི་ནེ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔ་མོ་ནས་སྤེལ་འོས་པའི་ཆབ་སྲིད་འཕེལ་རིམ་ཞིག་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱས་ཏེ། མཇུག་མཐར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མིར་ཞི་བདེ་བསྐྲུན་ཐུབ་པའི་ཐག་གཅོད་ཇུས་གཞི་ཞིག་འགོད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་འབྲེལ་ཡོད་ཀྱི་ཁོངས་གཏོགས་རྒྱལ་ཁབ་ནས་རང་གི་འཁོར་སྐྱོད་ལ་མཁོ་བའི་རྒྱབ་སྐྱོར་ཐོབ་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།