ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པས་ཚེས་བཞི་ཉིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་རང་དབང་གི་ཕུབ་ཅེས་པའི་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཡང་བསྐྱར་སྤེལ་མགོ་བརྩམས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དེ་ལས་ཕྱེད་གླིང་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་གཏོང་བའི་དོན་ལ་ཚོད་དཔག་བྱེད་ཐབས་མེད་པར་འདོད།
གཏམ་བཤད་ལས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་གཞི་རྒྱ་ན་ནིང་ལ་ལྡབ་གཅིག་གིས་ཇེ་ཆེར་བཏང་བའི་ཕྱི་རོལ་ཡུལ་གྱི་འཕྲུལ་འཁོར་སྦྱོང་བརྡར་འཆར་གཞི་འདུས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དམག་སྤྱི་ཁང་གི་ཁོངས་སུ་གཏོགས་པའི་ཁོངས་གཏོགས་རྒྱལ་ཁབ་བཅུ་ལྷག་གི་དྲག་ཆས་སྟོབས་ཤུགས་སྐུལ་སློང་བྱས་ཡོད། འཛམ་གླིང་སྟེང་ཉིང་རྡུལ་མཚོན་ཆ་ཡོད་པའི་ཨ་མེ་རི་ཁ་རྒྱལ་ཁབ་དང་བཅས་པའི་རྒྱལ་ཁབ་བཅུ་ལྷག་ནས་རྒྱལ་ཁབ་རེ་འགར་དམིགས་པའི་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་ཡོད་པས། དེར་འགོག་སྲུང་རང་བཞིན་ལྡན་པར་བརྗོད་ཐབས་མེད་ཟེར།
གཏམ་བཤད་ལས་བཤད་རྒྱུར། ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་ཧན་གོའི་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པར་མ་ཟད། དཀྲུག་འཕེན་དང་གཏན་འཇགས་མིན་པར་བཟོ་བའི་འགུལ་སྐྱོད་དེ་མྱུར་དུ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།