ཝེ་ནེ་ཙུའེ་ལཱའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། ཕྱོགས་སོ་སོའི་གྲོས་གཞིར་ཞིབ་འཇུག་གང་ལེགས་བྱས་རྗེས། ད་ལོའི་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར།
ཝེ་ནེ་ཙུའེ་ལཱའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། སྐབས་འདིའི་ཙུང་ཐུང་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་འདེམ་དམངས་ཐོ་འགོད་བྱ་བ་དེ་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། འདེམ་བསྐོ་ལ་ཞུགས་པའི་མི་སྣའི་ཐོ་འགོད་བྱ་བ་དེ་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་ནས་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་བར་སྤེལ་རྒྱུ་ཡིན་ཟེར།
ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཝེ་ནེ་ཙུའེ་ལཱ་རྒྱལ་ཡོངས་ཀྱི་སྲིད་ཏང་ཞེ་གསུམ་དང་སྤྱི་ཚོགས་ལས་རིགས་སོ་སོ་ནས་ཡོང་བའི་འཐུས་མིས་ཝེ་ནེ་ཙུའེ་ལཱའི་གྲོས་ཁང་ཡོད་སའི་ཁྲིམས་འཛུགས་ཕོ་བྲང་ནས་གྲོས་མཐུན་བཀོད་དེ། ད་ལོར་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོའི་རྩ་དོན་དང་ཆ་རྐྱེན། དུས་ཚོད་བཅས་ལ་གཅིག་གྱུར་གྲོས་མཐུན་བཀོད། ཟླ་གསུམ་པའི་ཚེས་གཅིག་ཉིན། ཝེ་ནེ་ཙུའེ་ལཱའི་གྲོས་ཁང་གིས་གྲོས་མཐུན་དེ་དངོས་སུ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲད་དེ་འདེམ་བསྐོའི་མཇུག་མཐའི་དུས་ཚོད་རེའུ་མིག་གཏན་འཁེལ་བྱས་པ་རེད།
ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་ཏང་གཅིག་གྱུར་སྤྱི་ཚོགས་རིང་ལུགས་ཏང་གིས་ད་ལྟའི་ཙུང་ཐུང་མཱ་ཏུའུ་ལོ་ཏང་ཁག་དེའི་འདེམ་སྒུག་མི་སྣ་གཅིག་པུར་བྱས་ཏེ་སྐབས་འདིའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་ཁས་ལེན་བྱས་པ་དང་། ངོ་རྒོལ་ཏང་ཁག་གིས་མིག་སྔར་མཇུག་མཐའི་འདེམ་ཞུགས་མི་སྣའི་མིང་ཐོ་གཏན་འཁེལ་བྱས་མེད།
ཝེ་ནེ་ཙུའེ་ལཱའི་སྐབས་སྔོན་མའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར་སྤེལ་བ་དང་། སྐབས་དེའི་ཙུང་ཐུང་མཱ་ཏུའུ་ལོ་ལ་བསྟུད་འགན་ཁུར་བའི་གོ་སྐབས་ཐོབ་པ་ཡིན་ལ། ཁོའི་འགན་ཡུན་ཉིས་སྟོང་ཉེར་ལྔ་ལོའི་ཟླ་དང་པོར་མཇུག་སྒྲིལ་ངེས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།