ཧང་ག་རིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡུག་ཁི་ཡིས་ཉིན་དེར་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་ཆོག་མཆན་འགོད་པའི་གྲོས་ཆོད་ཡི་གེ་བཀོད་ནས། སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་དངོས་སུ་ཆོག་མཆན་བཀོད།
ཧང་ག་རིའི་རྒྱལ་ཚོགས་ནས་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་འདེམ་ཤོག་བརྒྱ་དང་གྱ་བརྒྱད་ཡིད་འཐད་བྱུང་བ་དང་། འདེམ་ཤོག་དྲུག་གིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གྲོས་ཆོད་ཡི་གེ་ལ་ཆོག་མཆན་བཀོད་པ་རེད།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པར་ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་རྗེས། སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་ཀྱིས་ལོ་དེའི་ཟླ་ལྔ་བར་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་རེ་ཞུ་བྱས། རྒྱུན་སྲོལ་གྱི་ལས་རིམ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་ངེས་པར་དུ་གཅིག་གྱུར་ཡིད་འཐད་བྱུང་ན་ད་གཟོད་ཁོངས་གཏོགས་རྒྱལ་ཁབ་གསར་བ་བསྡུ་ལེན་བྱས་ཆོག་པ་རེད། ཧྥུན་ལན་ལ་ན་ནིང་ཟླ་བཞི་བར་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་ཆོག་མཆན་དངོས་སུ་ཐོབ་པ་རེད།
ཧང་ག་རི་ནི་ཆེས་མཇུག་མཐར་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་ཆོག་མཆན་བཀོད་པའི་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་རེད། ཧང་ག་རི་ཡིས་ཆོག་མཆན་བཀོད་པ་དང་བསྟུན་ནས། སུའེ་ཏེན་རྒྱལ་ཁབ་དེ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཨང་སོ་གཉིས་པར་གྱུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།