དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་སྡོད་ཁང་གསར་བ་གསར་འཛུགས་བྱེད་པར་ཆོག་མཆན་བཀོད།
2024.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

དབྱི་སི་རལ་གྱི་དམངས་སྲིད་ཅུའུ་ཡི་མཐོ་རིམ་འཆར་འགོད་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་ཆོག་མཆན་བཀོད་དེ། ཕཱ་ལེ་སི་ཐན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་སྡོད་ཁང་སྟོང་གསུམ་དང་བཞི་བརྒྱ་ཉེར་དྲུག་གསར་འཛུགས་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་ནོར་སྲིད་པུའུ་ཀྲང་སི་མའོ་ཐི་ལི་ཧི་ཡིས་ཉིན་དེར་གསལ་སྒྲོག་ནང་བཤད་རྒྱུར། སྡོད་ཁང་དེ་དག་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་མཱ་ཨ་ལེ་ཨ་ཏུའུ་མེན་དང་། ཨེ་ཧྥོ་ལཱ་ཐི། ཁི་ཏཱ་ཨར་སོགས་གཏན་སྡོད་ས་ཁུལ་གསུམ་ལ་ཁྱབ་ཡོད། འདས་པའི་ལོ་གཅིག་གི་ནང་། དབྱི་སི་རལ་གྱིས་བསྡོམས་པས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་ས་ཁུལ་ནས་གཏན་སྡོད་ཁང་བ་ཁྲི་གཅིག་དང་སྟོང་བརྒྱད་ལྔ་བརྒྱ་བཅོ་ལྔ་གསར་དུ་ལས་པར་ཆོག་མཆན་བཀོད་ཡོད་ཟེར།

གཞན་ཡང་ཕཱ་ལེ་སི་ཐན་གྱི་ཝ་ཧྥ་འཕྲིན་གཏོང་ཁང་གིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་རྣམ་གྲངས་དེར་ངོ་རྒོལ་བྱེད་བཞིན་ཡོད་པར་མ་ཟད་ཁས་ལེན་བྱེད་མི་སྲིད་ལ། བྱ་སྤྱོད་དེ་ལས་ཕྱོགས་གང་རུང་ལ་བདེ་འཇགས་ཐོབ་ཏུ་འཇུག་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།