ཀྲུང་གོའི་སྐོར་ཐེངས་ཉེར་དྲུག་པའི་ཙམ་པུ་ཡཱ་ལ་རོགས་སྐྱོར་བྱེད་པའི་དམག་དོན་སྨན་བཅོས་རྩ་འཛུགས་ལ་རྒྱལ་སྤྱིའི་མཉམ་ལས་ཀྱི་བྱས་རྗེས་རྟགས་མ་ཐོབ།
2024.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཙམ་པུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ལྔ་ཉིན་སྤེལ་བའི་ཀྲུང་གོ་དང་ཙམ་པུ་ཡཱའི་བར་གྱི་དམག་དོན་སྨན་བཅོས་མཉམ་ལས་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་། ཙམ་པུ་ཡཱའི་རྒྱལ་སྲུང་པུའུ་ཀྲང་ལུའུ་ཧྥུའུ་མཱ་ཡིས་ཀྲུང་གོའི་སྐོར་ཐེངས་ཉེར་དྲུག་པའི་ཙམ་པུ་ཡཱ་ལ་རོགས་སྐྱོར་བྱེད་པའི་དམག་དོན་སྨན་བཅོས་རྩ་འཛུགས་ཀྱི་ཁོངས་མི་བཅུ་གཅིག་ལ་རྒྱལ་སྤྱིའི་མཉམ་ལས་ཀྱི་བྱས་རྗེས་རྟགས་མ་བྱིན།

ལུའུ་ཧྥུའུ་མཱ་ཡིས་ལོ་ངོ་བཞི་བཅུའི་རིང་ལ་ཀྲུང་གོའི་དམག་དོན་སྨན་བཅོས་ཀྱིས་ཙམ་པུ་ཡཱའི་དམག་དོན་སྨན་བཅོས་ལས་དོན་གྱི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་ཐང་ཐད་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཆེན་པོ་བྱས་པ་དང་། ཙམ་པུ་ཡཱ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཙམ་པུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་གཞུང་ཚབ་པ་ཝང་ཧྲིན་གྱིས་བསྟན་དོན། ཀྲུང་གོའི་ཙམ་པུ་ཡཱ་ལ་རོགས་སྐྱོར་བྱེད་པའི་དམག་དོན་སྨན་བཅོས་རྩ་འཛུགས་ཀྱིས་ལོ་ངོ་བཞི་བཅུ་ལྷག་རིང་སྲོག་སྐྱོབ་གསོ་བཅོས་བྱས་པ་ལས་ཕྱི་རོགས་སྨན་བཅོས་རུ་ཁག་གི་སྙིང་སྟོབས་མངོན་པར་མཚོན་ཡོད་ཟེར། ཝང་ཧྲིན་གྱིས་བསྟན་དོན། ཙམ་པུ་ཡཱའི་ལས་རིགས་སོ་སོའི་མི་སྣ་དང་མཉམ་དུ་ཀྲུང་གོ་དང་ཙམ་པུ་ཡཱའི་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་དེ་དུས་རབས་གསར་བའི་མཉམ་ལས་མཉམ་རྒྱལ་གྱི་འཛད་མེད་སྒུལ་ཤུགས་སུ་བསྒྱུར་ནས། མུ་མཐུད་དུ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཟེར།

ཙམ་པུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་རྒྱལ་སྲུང་དྲག་དཔོན་ཅང་ལོས་ཀྱིས་བསྟན་དོན། ལོ་ངོ་བཞི་བཅུའི་རིང་ལ། ཀྲུང་གོ་དང་ཙམ་པུ་ཡཱའི་དམག་དོན་སྨན་བཅོས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། དམག་དཔུང་གཉིས་ཀྱི་མཛའ་བརྩེའི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་དམག་དོན་སྨན་བཅོས་ཀྱིས་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་འགན་འཁྲི་ལག་བསྟར་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།