ཕེ་རུའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2024.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཕེ་རུའི་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་ཡིས་ཚེས་དྲུག་ཉིན་ཙུང་ཐུང་བཞུགས་ཤག་ནས་ཕེ་རུའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གསར་བ་ཨ་ཏི་ལི་ཨན་སིན་གྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོར་མགོ་འཛིན་བྱས།

ཨ་ཏི་ལི་ཨན་སིན་ཉིན་དེར་ཕེ་རུའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིར་བསྐོ་འཇོག་བྱས་ནས་ཚེས་ལྔ་ཉིན་ལས་འགན་བསྐྱུར་བའི་ཨོ་ཐཱ་ལོ་ལཱའི་ཚབ་ཏུ་ལས་འགན་ཁུར་དུ་བཅུག་པ་རེད།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། པའོ་ལུའུ་ཨ་ཨར་ཐི་ཡིས་ཨོ་ཐཱ་ལོ་ལཱའི་འགན་ཡུན་ནང་གི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་གཏོགས་མི་སྣ་ཚང་མའི་ལས་གནས་སོར་འཇོག་བྱས་ཡོད་ཟེར།

ཨ་ཏི་ལི་ཨན་སིན་ནི་བཅའ་ཁྲིམས་ཆེད་མཁས་པ་ཞིག་ཡིན་ཞིང་། སྔོན་ཆད་ཕེ་རུའི་ཁྲིམས་འཛིན་པུའུ་ཀྲང་གི་འགན་ཁུར་མྱོང་། ན་ནིང་ཟླ་གཉིས་པ་ནས་བཟུང་མེ་གླིང་རྒྱལ་ཁབ་རྩ་འཛུགས་སུ་སྡོད་པའི་ཕེ་རུའི་རྒྱུན་སྡོད་འཐུས་མིའི་འགན་ཁུར་བ་རེད།

ཨོ་ཐཱ་ལོ་ལཱ་ཡིས་ཚེས་ལྔ་ཉིན་གྱི་དགོང་མོར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་ལས་འགན་བསྐྱུར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པར་མ་ཟད། ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་ལ་ལས་འགན་སྐྱུར་བའི་སྙན་ཞུ་སྤྲད་པ་རེད། ཨོ་ཐཱ་ལོ་ལཱ་ཡིས་ལས་གནས་ཀྱི་དབང་ཆ་བེད་སྤྱད་ནས་བུད་མེད་ཅིག་ལ་སྲིད་གཞུང་གི་གན་རྒྱ་ཐོབ་པར་རོགས་རམ་བྱས་པར་སྐྱོན་འཛུགས་ཐེབས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།