སུའུ་ཏན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དག་རང་གི་མངའ་ཁོངས་སུ་སྐྱེལ་བར་ཡིད་འཐད་བྱུང་།
2024.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དག་ལམ་ཐིག་མང་བོ་བརྒྱུད་དེ་སུའུ་ཏན་གྱི་མངའ་ཁོངས་སུ་བསྐྱལ་ནས། མིག་སྔའི་མི་ཆོས་རིང་ལུགས་ཀྱི་དཀའ་ཁག་ཞི་འཇགས་སུ་གཏོང་བར་ཡིད་འཐད་བྱུང་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སུའུ་ཏན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུའུ་ཏན་དང་ཀྲ་ཏི། ཨེ་ཅིབ། སུའུ་ཏན་ལྷོ་མ་བཅས་ཀྱི་སྐམ་སའི་རྒྱུ་ལམ་དང་། མཚོ་དམར་མཚོ་ཁོངས་ཀྱི་ཆུ་ལམ། སུའུ་ཏན་གྱི་གནམ་གྲུ་ཐང་མང་བོ་བཅས་བེད་སྤྱད་དེ། སུའུ་ཏན་དུ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་བར་དངོས་སུ་ཆོག་མཆན་བཀོད་ཡོད་ཟེར།

སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དེའི་སྔོན་སུའུ་ཏན་སྲིད་གཞུང་གིས་རྒུད་སྐྱོབ་དངོས་རྫས་གྲས་སུ་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ལ་སྐྱེལ་འདྲེན་བྱེད་པའི་མཚོན་ཆ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། ཀྲ་ཏི་ནས་སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པར་གཏན་འགོག་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།