ཙེམ་པབ་ཝེའི་ཙུང་ཐུང་གི་མགྲིན་ཚབ་པ་ཆའོ་ཀྲི་ཁྲ་ལན་པཱ་ཡིས་ཚེས་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཙེམ་པབ་ཝེའི་བཀག་སྡོམ་མེད་པར་གཏོང་དགོས་པའི་སྐུལ་མ་བཏང་།
ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་ཕྱི་རྒྱལ་གྱི་རྒྱུ་ནོར་ཚོར་འཛིན་གཞུང་སྒྲུབ་ཁང་གིས་ཚེས་བཞི་ཉིན་ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་ཙུང་ཐུང་གཞོན་པ་ཆི་ཝུན་ཅཱ་གཉིས་འདུས་པའི་མི་སྒེར་བཅུ་གཅིག་དང་ཚོགས་པ་གསུམ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་སྲིད་འཛིན་བཀའ་རྒྱ་ཞིག་བཀོད་དེ། ཨ་མེ་རི་ཁ་ཕྱོགས་ཀྱིས་དེའི་སྔོན་ཙེམ་པབ་ཝེ་ལ་ལག་བསྟར་བྱས་ནས་ལོ་ངོ་ཉི་ཤུ་ལྷག་འགོར་བའི་བཀག་སྡོམ་མཚམས་འཇོག་ཏུ་བཅུག
ཆའོ་ཀྲི་ཁྲ་ལན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཙེམ་པབ་ཝེའི་སྲིད་གཞུང་གིས་ཨ་མེ་རི་ཁ་ཕྱོགས་ཀྱིས་བཀག་སྡོམ་ཐེབས་པའི་མི་སྣའི་གཏོར་བརླག་རང་བཞིན་གྱི་སྐྱོན་འཛུགས་ལ་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་ལ། བཀག་སྡོམ་དེ་དག་ནི་དོན་དངོས་སུ་རྒྱལ་ཁབ་ཧྲིལ་བོའི་བཀག་སྡོམ་ཡིན་པས། ངེས་པར་དུ་ཆ་རྐྱེན་ཅི་ཡང་མེད་པར་རྩིས་མེད་དུ་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།