ཨ་ཧྥེ་རི་ཁ་ལྷོ་མས་ཚེས་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་གིས་བྱེད་ཐབས་གསར་བ་སྤྱད་དེ། དབྱི་སི་རལ་གྱིས་མུ་མཐུད་དུ་རིགས་རྒྱུད་ཚར་གཅོད་བྱེད་པའི་ཉེས་པར་སྔོན་འགོག་ཆད་གཅོད་བྱེད་པའི་སྤྱི་ཆིངས་དང་འགལ་བའི་བྱ་སྤྱོད་སྤེལ་བའི་དབང་གིས་ཅཱ་ཧྲ་ས་ཁུལ་ནས་བྱུང་བའི་གཞི་རྒྱ་ཆེ་བའི་ལྟོགས་སྡུག་མྱོང་བའི་སྣང་ཚུལ་དེ་མྱུར་མོར་མཇུག་སྒྲིལ་དུ་འཇུག་དགོས་པའི་སྐུལ་མ་བཏང་།
ཨ་ཧྥེ་རི་ཁ་ལྷོ་མས་རང་གི་ཞུ་གཏུག་རེ་འདོད་ནང་བསྟན་དོན། ཅཱ་ཧྲའི་གནས་བབ་ཀྱི་འགྱུར་ལྡོག་གསར་བ་དང་། ཁྱད་པར་དུ་དབྱི་སི་རལ་གྱིས་མུ་མཐུད་དུ་རིགས་རྒྱུད་ཚར་གཅོད་བྱེད་པའི་ཉེས་པར་སྔོན་འགོག་ཆད་གཅོད་བྱེད་པའི་སྤྱི་ཆིངས་དང་འགལ་བའི་བྱ་སྤྱོད་སྤེལ་བ་དང་། རྒྱལ་སྤྱིའི་ཁྲིམས་ཁང་གིས་ཟླ་དང་པོར་སྤེལ་བའི་གནས་སྐབས་ཀྱི་བྱེད་ཐབས་གཞིར་བཟུང་ན། ཅཱ་ཧྲ་ས་ཁུལ་དུ་གཞི་རྒྱ་ཆེ་བའི་ལྟོགས་སྡུག་མྱོང་བའི་སྣང་ཚུལ་བྱུང་ཡོད་པས། ཨ་ཧྥེ་རི་ཁ་ལྷོ་མས་ཡང་བསྐྱར་རྒྱལ་སྤྱིའི་ཁྲིམས་ཁང་གིས་བྱེད་ཐབས་སྔར་ལས་མང་བོ་ལག་བསྟར་བྱེད་པ་དང་དེའི་སྔོན་སྤེལ་བའི་གནས་སྐབས་བྱེད་ཐབས་བཟོ་བཅོས་བྱས་ནས། ས་དེའི་བྱིས་པ་ས་ཡ་གཅིག་ལྷག་འདུས་པའི་ཕཱ་ལེ་སི་ཐན་གྱི་མི་ས་ཡ་གཉིས་དང་འབུམ་གསུམ་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་སྐུལ་མ་བཏང་བ་ཡིན་ཟེར།
ཨ་ཧྥེ་རི་ཁ་ལྷོ་མས་ནན་གྱིས་བསྟན་དོན། གནས་བབ་ཛ་དྲག་ཆེ་བའི་དབང་གིས་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཉན་ཞིབ་ཚོགས་འདུ་མ་བསྡུས་པའི་གནས་ཚུལ་འོག་མྱུར་མོར་བྱེད་ཐབས་གསར་བ་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་མངའ་ཁོངས་ཀྱི་མི་ཆོས་རིང་ལུགས་ཀྱི་མཐུན་སྦྱོར་པ་ཅེ་མུས་མེད་ཀི་ཏི་ལི་ཁི་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ཀྱིས་ལྟོགས་སྡུག་མྱོང་བའི་སྣང་ཚུལ་དེ་གནོད་འཚེའི་རང་བཞིན་གྱི་ཚད་དུ་ཐེབས་ཡོད། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་མི་དམངས་ལ་སྨན་བཅོས་བདེ་སྲུང་དང་ཟས་རིགས། དེ་མིན་གཞི་རྩའི་འཚོ་བའི་མཁོ་དངོས་གཞན་པ་བཅས་དཀོན་པས། ཚོད་དཔག་བྱས་ན་སྔོན་འགོག་བྱེད་ཐུབ་པའི་གནད་དོན་མང་བོ་འབྱུང་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།