མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ནེ་ཀྲི་རི་ཡཱའི་མི་ཆོས་རིང་ལུགས་ལས་དོན་གྱི་མཐུན་སྦྱོར་བ་མུའུ་ཧན་མའོ་ཏི་ཧྥ་ཨར་གྱིས་ཚེས་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་པའོ་ཨར་ནོའུ་མངའ་སྡེ་ནས་ཡུལ་འཁྱམས་བྱེད་པའི་མི་ཉིས་བརྒྱ་ལྷག་ཉེ་སྔོན་དྲག་ཆས་རྩ་འཛུགས་ཀྱིས་བཙན་ཁྲིད་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། པའོ་ཨར་ནོའུ་མངའ་སྡེའི་ཅཱ་ལཱ་ས་ཁུལ་གྱི་ཡུལ་གྱར་བའི་སྒར་སར་སྡོད་པའི་མི་ཉིས་བརྒྱ་ལྷག་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་དྲག་ཆས་རྩ་འཛུགས་ཀྱིས་བཙན་ཁྲིད་བྱས་པ་དང་། དེའི་ནང་བུད་མེད་དང་བྱིས་པ་མང་བོ་འདུས་ཟེར། གསལ་སྒྲོག་ལས་བཙན་ཁྲིད་ཐེབས་པའི་མི་རྣམས་ཕྱིར་བཏང་ནས། མི་སེར་དཀྱུས་མར་གནོད་པ་མི་ཐེབས་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
མིག་སྔར་དྲག་ཆས་རྩ་འཛུགས་གང་རུང་གིས་གསལ་སྒྲོག་སྤེལ་ནས་ཐེངས་འདིའི་བཙན་ཁྲིད་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།