མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བདུན་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སུའུ་ཏན་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་སྨྱུང་གནས་ཟླ་བའི་སྐབས་སུ་དགྲར་འཛིན་གྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་གྱི་དྲག་ཆས་འཁྲུག་རྩོད་དེ་ཟླ་རྗེས་མར་ལོ་གཅིག་འགོར་བ་ཡིན། འཁྲུག་རྩོད་ལས་སུའུ་ཏན་མི་དམངས་ལ་ཚར་གཅོད་རང་བཞིན་གྱི་གནོད་པ་ཐེབས་ཡོད་པར་མ་ཟད། ས་ཁུལ་གྱི་གཏན་འཇགས་མིན་པའི་སྣང་ཚུལ་འབྱུང་བའི་ཉེན་ཁ་ཆེན་པོ་ཡོད་པས། ད་ལྟ་ནི་འཁྲུག་རྩོད་མཚམས་འཇོག་པའི་དུས་ལ་བབས་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་སུའུ་ཏན་ཕྱོགས་ཁག་སོ་སོས་སྨྱུང་གནས་ཟླ་བའི་རིན་གོང་ལྟ་བར་བརྩི་འཇོག་བྱས་ཤིང་། སྨྱུང་གནས་ཟླ་བའི་སྐབས་སུ་དགྲར་འཛིན་བྱ་སྤྱོད་མཚམས་འཇོག་དགོས་པར་མ་ཟད། སུའུ་ཏན་མི་དམངས་ལ་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་རྒྱུ་ལམ་ཅིག་བཏོད་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཉེ་བའི་ལོ་གཅིག་གི་དྲག་ཆས་འཁྲུག་རྩོད་ལས་སུའུ་ཏན་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་ལ་འཕྲད་ཡོད་ཅིང་། མི་ཁྲི་གཅིག་དང་སྟོང་བཞི་ལྷག་རྐྱེན་ལམ་དུ་ཤོར་ཡོད་ལ། ཁ་གྲངས་ངོ་མ་དེ་ལས་ཀྱང་ལྷག་ཏུ་མང་བར་མངོན། སུའུ་ཏན་གྱི་སྤྱིའི་མི་གྲངས་ཀྱི་ཕྱེད་ཀའི་ཡན་ལ་རོགས་སྐྱོར་མཁོ་བ་དང་། མི་ས་ཡ་བརྒྱ་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ལ། དེའི་ནང་མི་ས་ཡ་གཅིག་དང་འབུམ་བདུན་སུའུ་ཏན་དང་ཁ་བྲལ་ཡོད་པར་མ་ཟད། མི་བྱེ་བ་གཅིག་དང་ས་ཡ་བརྒྱད་ཙམ་འབྲུ་རིགས་བདེ་འཇགས་མིན་པའི་རྣམ་པར་གནས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།