ཨེ་ཀྭ་ཏོར་གྱི་ཙུང་ཐུང་ནོའུ་བོ་ཡཱ་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་སྲིད་འཛིན་བཀའ་རྒྱ་བཀོད་དེ། རྒྱལ་ཡོངས་ཀྱི་དོགས་ཟོན་རྣམ་པའི་ཡུན་ཚད་ཉིན་སུམ་ཅུས་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར།
ཟླ་དང་པོའི་ཚེས་བརྒྱད་ཉིན། ཨེ་ཀྭ་ཏོར་མངའ་ཁོངས་ཀྱི་བཙོན་ཁང་མང་བོར་ཟིང་འཁྲུག་བྱུང་བས། རྒྱལ་ཡོངས་སུ་དུས་ཡུན་ཉིན་དྲུག་ཅུའི་རིང་ལ་དོགས་ཟོན་མཐོར་འདེགས་བྱས་པ་རེད། དེའི་སྔོན་བཀོད་པའི་སྲིད་འཛིན་བཀའ་རྒྱ་ལས་བཤད་རྒྱུར། བྲེལ་མྱུར་དོགས་ཟོན་བྱེད་ཐབས་ལག་བསྟར་བྱས་པ་ལས་རྒྱལ་ནང་གི་ནག་ཉེས་དང་དྲག་ཤུགས་བྱ་འགུལ་ལྡབ་འགྱུར་གྱིས་ཇེ་ཉུང་དུ་བཏང་ཡོད་ཀྱང་། གནད་དོན་དེ་ད་རུང་རྩ་བ་ནས་ཐག་གཅོད་ཐོབ་མེད་པས། བྲེལ་མྱུར་དོགས་ཟོན་རྣམ་པའི་ཡུན་ཚད་ཇེ་རིང་དུ་བཏང་ནས། བདེ་འཇགས་དམག་དཔུང་གིས་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་བྱ་འགུལ་མུ་མཐུད་དུ་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།
ཨེ་ཀྭ་ཏོར་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། བྲེལ་མྱུར་དོགས་ཟོན་བྱེད་ཐབས་ལག་བསྟར་བྱས་པའི་ཚུན་ལ། བདེ་འཇགས་དམག་དཔུང་གིས་བསྡོམས་པས་འགུལ་སྐྱོད་ཐེངས་འབུམ་གཅིག་དང་ཁྲི་ལྔ་སྟོང་གསུམ་ལྷག་སྤེལ་བ་དང་། མི་ཁྲི་གཅིག་དང་སྟོང་གཉིས་ལྷག་འཛིན་བཟུང་བྱས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།