མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བུད་མེད་ལས་དོན་ཐད་དངུལ་གཏོང་བྱས་ནས་མྱུར་མོར་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
2024.03.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

འཛམ་གླིང་ཡོངས་ནས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་ཕུལ་ཏེ། བུད་མེད་ལས་དོན་ཐད་དངུལ་གཏོང་བྱས་ནས་མྱུར་མོར་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་ནང་བཤད་རྒྱུར། རྒྱལ་སྤྱིའི་བུད་མེད་དུས་ཆེན་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ས་གནས་སོ་སོའི་བུད་མེད་དང་བུ་མོ་ལོ་ཆུང་དག་གིས་འདྲ་མཉམ་བརྩོན་ལེན་བྱེད་པའི་འཐབ་རྩོད་ཁྲོད་གྲུབ་འབྲས་བླངས་པར་གཟེངས་བསྟོད་བྱས་པ་དང་། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལས་ཡུལ་དང་པོར་ཡོད་པའི་བུད་མེད་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པ་དང་། དྲག་ཤུགས་དང་བུད་མེད་ལ་གནོད་སྐྱེལ་བའི་བྱ་སྤྱོད་མཇུག་སྒྲིལ་བར་དམིགས་པའི་ཇུས་གཞིའི་ཐད་དངུལ་གཏོང་བྱས་ཏེ། བུད་མེད་དག་གིས་དཔལ་འབྱོར་དང་གཞི་གྲངས་ལག་རྩལ། ཞི་བདེའི་འཛུགས་སྐྲུན། དེ་མིན་ནམ་ཟླའི་འགུལ་སྐྱོད་སོགས་ལས་དོན་ལ་ཟབ་ཞུགས་དང་མགོ་ཁྲིད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཁོས་བསྟན་དོན། རྒྱལ་ཁབ་སོ་སོས་ཚོང་ལས་དང་དངུལ་ལོར། ནོར་སྲིད་སྡེ་ཁག་ཁྲོད་ཀྱི་བུད་མེད་མགོ་ཁྲིད་པའི་ཁ་གྲངས་ཇེ་མང་དུ་གཏོང་དགོས་ལ། ཕོ་མོ་འདྲ་མཉམ་མངོན་འགྱུར་བྱེད་པ་ནི་འདྲ་མཉམ་དང་ཞི་བདེ། དར་རྒྱས་བཅས་ཀྱི་སྤྱི་ཚོགས་སུ་བགྲོད་པའི་ནུས་ལྡན་ཐབས་ལམ་ཞིག་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་གིས་ས་དེའི་ཚེས་བདུན་ཉིན་རྩོམ་ཡིག་སྤེལ་ཏེ། མིག་སྔའི་གནས་བབ་ལྟར་ན། ཉིས་སྟོང་སུམ་ཅུ་ལོའི་བར་བུད་མེད་དང་བུ་མོ་ལོ་ཆུང་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་གཉིས་ཀྱིས་སྔར་བཞིན་ཆེས་དབུལ་ཕོངས་ཀྱི་གནས་སུ་འཚོ་བ་རོལ་དགོས་ཡོད་ཟེར། བུད་མེད་ལས་དོན་ཁང་གིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཐོག་མར་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་དངུལ་གཏོང་ལ་བསམ་བློ་གཏོང་དགོས་པར་མ་ཟད། གཞི་རྩའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་ཐད་ཀྱི་སྤྱི་བའི་འགྲོ་སོང་ཁ་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།