སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉེ་སྔོན་སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གིས་སྨྱུང་གནས་ཟླ་བར་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པར་དགའ་བསུ་ཞུ་བཞིན་ཡོད་པའི་ཚུལ་བསྟན་པར་མ་ཟད། སྨྱུང་གནས་ཟླ་བར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་ཆེད་རེ་བ་བཞི་བཏོན།
གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འབོད་སྐུལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་བྱེད་ཆེད། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ངེས་པར་དུ་སུའུ་ཏན་སྲིད་གཞུང་གི་རེ་བ་བཞི་བསྐང་དགོས། དེའི་ནང་དེའི་སྔོན་སོ་ཏི་ཨ་རབ་ཀྱི་གྲུ་ཁའི་གྲོང་ཁྱེར་ཅི་ཏཱའི་གྲོས་མོལ་ནས་བཀོད་པའི་གྲོས་མཐུན་གྱི་འོས་འགན་ལག་བསྟར་བྱེད་པ་དང་། ཅེ་ཅི་ལཱ་མངའ་སྡེ་དང་སིན་ནཱ་ཨར་མངའ་སྡེ། དེས་བཙན་བཟུང་བྱས་པའི་གྲོང་ཁྱེར་ཚང་མ་ནས་ཕྱིར་འཐེན་བྱེད་པ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་མཚམས་འཇོག་པ་བཅས་འདུས།
གསལ་སྒྲོག་ལས་བཤད་རྒྱུར། འཐབ་འཁྲུག་མཚམས་བཞག་རྗེས། སུའུ་ཏན་སྲིད་གཞུང་གིས་རྒྱལ་ཁབ་སོ་སོའི་བར་རྒྱ་ཆེར་གྲོས་མོལ་བྱས་རྗེས་དགོས་ངེས་ཀྱི་ཆབ་སྲིད་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། བར་བརྒལ་དུས་སྐབས་ལ་དོ་དམ་བྱེད་རྒྱུ་ཡིན་ལ། དེའི་རྗེས་སུ་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་ནས་མི་དམངས་ལ་གདམ་གསེས་བྱེད་དུ་འཇུག་རྒྱུ་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡིས་ཚེས་བདུན་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སུའུ་ཏན་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་སྨྱུང་གནས་ཟླ་བར་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་དགོས་པ་དང་། སུའུ་ཏན་མི་དམངས་ལ་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་ལམ་ཞིག་བཏོད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཉེ་བའི་ལོ་གཅིག་གི་དྲག་ཆས་འཁྲུག་རྩོད་ལས་སུའུ་ཏན་ཚབས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་འཕྲད་ཡོད་ཅིང་། མི་ཁྲི་གཅིག་དང་སྟོང་བཞི་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ས་ཡ་བརྒྱད་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་མ་ཟད། མི་བྱེ་བ་གཅིག་དང་ས་ཡ་བརྒྱད་ཙམ་འབྲུ་རིགས་བདེ་འཇགས་མིན་པའི་རྣམ་པར་གནས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།