ཨ་མེ་རི་ཁའི་རྒྱལ་ཚོགས་ནས་ཚེས་བརྒྱད་ཉིན་ཉིས་སྟོང་ཉེར་བཞི་ལོའི་ནོར་སྲིད་དངུལ་གཏོང་གི་བཅའ་ཁྲིམས་འཆར་ཟིན་སྣ་དྲུག་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྡེ་ཁག་སྐོར་ཞིག་ལ་ཟླ་དགུ་བའི་ཟླ་མཇུག་བར་གྱི་འཁོར་སྐྱོད་མ་དངུལ་འདོན་སྤྲོད་བྱས་ཏེ། དེའི་སྔོན་གྲོས་འཆམ་བྱུང་བའི་གནས་སྐབས་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་མ་དངུལ་དེ་ཚེས་བརྒྱད་ཉིན་ཡུན་ཚད་ལོངས་པ་ལས་སྲིད་གཞུང་སྡེ་ཁག་གི་ལས་ཀའི་མཚམས་འཇོག་པར་སྔོན་འགོག་བྱས།
གྲོས་ཞུགས་ཁང་གིས་ཉིན་དེར་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་སྣ་དྲུག་ལ་གྲོས་མཐུན་བཀོད་པ་དང་། དམངས་གྲོས་ཁང་གིས་གཟའ་འཁོར་འདིའི་ནང་གོང་གི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་པ་རེད། བཅའ་ཁྲིམས་འཆར་ཟིན་དེ་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་སྤྲད་ནས་མིང་བཀོད་རྗེས་ནུས་ལྡན་དུ་འགྱུར་སྲིད། བཅའ་ཁྲིམས་འཆར་ཟིན་དེ་ཞིང་ལས་དང་ནུས་ཁུངས། ཁོར་ཡུག སྡོད་ཁང་། འགྲིམ་འགྲུལ། དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་ལས་དོན། ཁྲིམས་འཛིན་སྡེ་ཁག་བཅས་ལ་འབྲེལ་ཡོད་པ་དང་། སྡེ་ཁག་དེ་དག་ལ་ཟླ་དགུ་བའི་ཚེས་སུམ་ཅུའི་བར་མ་དངུལ་འདོན་སྤྲོད་བྱེད་རྒྱུ་རེད།
ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་ཏང་ཁག་གཉིས་ཀྱིས་དུས་ལྟར་ཉིས་སྟོང་ཉེར་བཞི་ལོའི་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་མེད། རྒྱལ་ཚོགས་ཀྱིས་དེའི་སྔོན་སོ་སོར་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དགུ་དང་ཟླ་བཅུ་གཅིག་པ། ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོ་དང་ཟླ་གཉིས་པ་བཅས་ལ་ཐེངས་བཞིར་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་པས། གནས་སྐབས་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་འཁོར་སྐྱོད་རྒྱུན་འཁྱོངས་ཙམ་བྱེད་ཐུབ་པ་བྱུང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།