ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེ་ཡིས་ཝུའུ་ཁི་ལན་དང་ཨུ་རུ་སི་ཞུགས་པའི་མཐོ་རིམ་གྲོས་ཚོགས་བསྡུ་བར་ཚོགས་ར་འདོན་སྤྲོད་བྱེད་འདོད་ཡོད་པའི་ཚུལ་བསྟན།
2024.03.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བརྒྱད་ཉིན་བསྟན་དོན། ཐུར་ཁེ་ཕྱོགས་ཀྱིས་ཝུའུ་ཁི་ལན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཞུགས་པའི་མཐོ་རིམ་གྲོས་ཚོགས་བསྡུ་བར་གྲ་སྒྲིག་བྱས་ཡོད་པ་དང་དེར་ཚོགས་ར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་མཉམ་དུ་དབྱི་སི་ཐན་པོར་ནས་གསང་བའི་གྲོས་མོལ་བསྡུས། ཨེ་ཨར་ཏའོ་ཨན་གྱིས་དེའི་རྗེས་སུ་བསྡུས་པའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དེ་གྲོས་མོལ་དང་ཞི་བདེའི་ཐབས་ལ་བརྟེན་ནས་མཇུག་སྒྲིལ་དུ་འཇུག་དགོས་པ་དང་། ཐུར་ཁེ་ཡིས་ཝུའུ་ཁི་ལན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཞུགས་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་མཐོ་རིམ་གྲོས་ཚོགས་བསྡུ་བར་གྲ་སྒྲིག་བྱས་ཡོད་ཟེར། ཁོས་བཤད་རྒྱུར། ཐུར་ཁེ་ཡིས་ད་རུང་ལག་བསྟར་བྱེད་མཚམས་བཞག་པའི་མཚོ་ནག་འབྲུ་རིགས་ཕྱིར་སྐྱེལ་གྲོས་མཐུན་ཡང་བསྐྱར་འགོད་པར་དགོས་ངེས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ཙེ་ལེན་སི་ཅི་དང་གྲོས་མལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་དང་མཚོ་ནག་གི་འགྲུལ་བཞུད་བདེ་འཇགས། ཝུའུ་ཁི་ལན་གྲུ་ཁའི་བདེ་འཇགས། དེ་མིན་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཁྲོད་ཀྱི་བཟུང་དམག་བརྗེ་སྤོར་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་དང་གྲོས་མོལ་བྱེད་སྐབས་ཨེ་ཨར་ཏའོ་ཨན་གྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་ཝུའུ་ཁི་ལན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཞུགས་པའི་མཐོ་རིམ་གྲོས་ཚོགས་བསྡུ་བའི་གྲོས་གཞི་བཏོན་ཡང་། གྲོས་གཞི་དེ་ཙེ་ལེན་སི་ཅི་ཡིས་ཁས་ལེན་མ་བྱས། ཙེ་ལེན་སི་ཅི་ཡིས་བསྟན་དོན། རྒྱལ་ཁབ་གཞན་པས་འདྲ་མཉམ་གྱི་ཞི་བདེ་ཇི་ལྟར་མངོན་འགྱུར་བྱེད་པར་འབྲེལ་ཡོད་ཀྱི་འཆར་གཞི་གཏན་འཁེལ་བྱས་རྗེས། ད་གཟོད་ཨུ་རུ་སི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།