ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་ཡིས་ཚེས་བརྒྱད་ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་ཁྱབ་བསྒྲགས་བྱས་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་གསུམ་པ་དང་ཟླ་བཞི་བར་སོ་སོར་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་ལྔ་དང་། ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར།
ཝུའུ་ཁི་ལན་རྒྱལ་སྤྱིའི་ཡིག་བརྒྱུད་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་ཡིས་ཝུའུ་ཁི་ལན་གྱི་ཙུང་ལི་ཧྲི་མེ་ཅཱ་ཨར་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུས་ནང་ཞུགས་པའི་གྲོས་མོལ་སྒྲོམ་གཞིའི་གྲ་སྒྲིག་བྱ་བ་སྤེལ་མགོ་བརྩམས་པ་དང་། གཟའ་འཁོར་རྗེས་མར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་གྲོས་མོལ་སྒྲོམ་གཞི་དེའི་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་འཆར་གཞི་ཡོད།
ཧྲི་མཱེ་ཅཱ་ཨར་གྱིས་བཤད་རྒྱུར། ཁོས་ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་དང་གྲོས་མོལ་བྱེད་སྐབས་ཕྱོགས་ཡོངས་ནས་ཨུ་རུ་སིའི་འབྲུ་རིགས་ཡོ་རོབ་གླིང་མནའ་འབྲེལ་དུ་ཕྱིར་གཏོང་བྱེད་པར་གཏན་འགོག་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིར་དམིགས་པའི་འབྲེལ་ཡོད་ཀྱི་བཀག་སྡོམ་བྱེད་ཐབས་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།