མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་བུད་མེད་དང་ལོ་ཆུང་བུ་མོའི་ཁེ་དབང་མཐོར་འདེགས་བྱེད་པའི་འཛམ་གླིང་ཡོངས་ཀྱི་འཆར་གཞི་ལག་བསྟར་བྱས།
2024.03.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བརྒྱད་ཉིན་བུད་མེད་དང་ལོ་ཆུང་བུ་མོའི་ཁེ་དབང་མཐོར་འདེགས་བྱེད་པར་དམིགས་པའི་འཛམ་གླིང་ཡོངས་ཀྱི་འཆར་གཞི་ལག་བསྟར་བྱས་པ་དང་། འཆར་གཞི་དེ་བུད་མེད་དང་ལོ་ཆུང་བུ་མོའི་དགོས་མཁོ་དང་ཁེ་ཕན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བའི་སྲོག་ཤིང་དང་གོ་གནས་གཙོ་བོར་འཇོག་པར་འབད་འབུངས་བྱེད་པ་དང་། སྲིད་ཇུས་གཏན་འབེབས་ལ་རྒྱབ་སྐྱོར་དང་མགོ་ཁྲིད་ལས་གནས་ཀྱི་བུད་མེད་བསྡུར་ཚད་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕོ་མོ་འདྲ་མཉམ་དང་བུད་མེད་ལ་དབང་ཆ་སྟེར་བར་སྐུལ་འདེད་གཏོང་རྒྱུ་རེད།

ཀུའུ་ཐི་ལོས་སི་ཡིས་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྗེས་དྲན་བྱེད་པའི་བྱ་འགུལ་སྐབས་འཆར་གཞི་དེའི་བྱེ་བྲག་གི་ནང་དོན་ཁྱབ་བསྒྲགས་བྱས། ཁོས་བཤད་རྒྱུར། འཆར་གཞི་གསར་བ་དེ་གཙོ་བོ་རྒྱལ་ཁབ་རེ་འགའ་ནས་བུད་མེད་ཁེ་དབང་ལ་ངོ་རྒོལ་དྲག་པོ་བྱེད་པའི་སྣང་ཚུལ་ལ་དམིགས་པ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་བུད་མེད་དང་ལོ་ཆུང་བུ་མོའི་དགོས་མཁོ་བསྐང་བའི་སྲིད་ཇུས་དང་སྔོན་རྩིས། དངུལ་གཏོང་བཅས་འཆར་འགོད་དང་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དབུལ་ཕོངས་དང་ལྟོགས་སྐོམ་ནས། ནམ་ཟླའི་གནོད་འཚེ། འཐབ་འཁྲུག དེ་མིན་འཇིགས་སྐུལ་རིང་ལུགས་བར། ང་ཚོའི་མདུན་དུ་ལྷགས་པའི་འཛམ་གླིང་ཡོངས་ཀྱི་ཉམས་ཉེན་ལས་བུད་མེད་དང་ལོ་ཆུང་བུ་མོར་ཆམ་གནོད་པ་ཐེབས་པ་ཆེས་ཚབས་ཆེན་ཡིན་པས། དམིགས་སའི་རང་བཞིན་ལྡན་པའི་འཆར་གཞི་དང་བགོ་གྲངས་ཀྱིས་རྩ་བ་བརྟན་པའི་ཕྱོགས་རིས་དང་ཕོ་མོ་འདྲ་མཉམ་མངོན་འགྱུར་བྱེད་པའི་བཀག་རྒྱ་མེད་པར་གཏོང་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། དབུལ་ཕོངས་གནད་དོན་ཁྲོད་ཀྱི་ཕོ་མོའི་ཕྱོགས་རིས་ཐག་གཅོད་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་དང་། མྱུར་མོར་འགུལ་སྐྱོད་མ་སྤེལ་ན་ཉིས་སྟོང་སུམ་ཅུ་ལོའི་བར་བུད་མེད་དང་ལོ་ཆུང་བུ་མོ་དུང་ཕྱུར་གསུམ་དང་བྱེ་བ་བཞི་ལྷག་གིས་སྔར་བཞིན་ཆེས་དབུལ་ཕོངས་ཀྱི་གནས་སུ་འཚོ་བ་རོལ་དགོས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བུད་མེད་དང་ལོ་ཆུང་བུ་མོའི་འགུལ་སྐྱོད་ཁྱབ་ཁོངས་གཙོ་བོ་གསུམ་ལ་དངུལ་གཏོང་བྱེད་དགོས་པ་ནན་བཤད་བྱས་ཡོད། གོ་རིམ་དང་པོ་ནི་ཁག་ཁུར་ཐུབ་པའི་དུས་ཡུན་རིང་བོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དངུལ་གསོག་མྱུར་མོར་ཇེ་མང་དུ་གཏོང་དགོས། གོ་རིམ་གཉིས་པ་ནི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཐོག་མར་བུད་མེད་དང་ལོ་ཆུང་བུ་མོའི་འདྲ་མཉམ་ལ་འགན་སྲུང་བྱེད་དགོས་པའི་རེ་བ་འདོན་དགོས། གོ་རིམ་གསུམ་པ་ནི་མགོ་ཁྲིད་ཀྱི་ལས་འགན་ཁུར་བའི་བུད་མེད་ཀྱི་ཁ་གྲངས་ཇེ་མང་དུ་གཏོང་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།