ཀྲུང་གོར་སྡོད་པའི་ཕུའུ་ཐའོ་ཡཱའི་གཞུང་ཚབ་ཆེན་མོ་ནཱ་ཞི་མིན་ཐའོ་ཡིས་ཉེ་སྔོན་པེ་ཅིང་ནས་བསྟན་དོན། ཀྲུང་གོས་འཛམ་གླིང་དཔལ་འབྱོར་གྱི་སླར་གསོ་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར།
ད་ལོའི་ཀྲུང་གོའི་ཚོགས་ཆེན་གཉིས་བསྡུ་བའི་སྐབས་སུ་ནཱ་ཞི་མིན་ཐའོ་ཡིས་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་ནི་ཕུའུ་ཐའོ་ཡཱའི་ཨེ་ཤ་ཡཱའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་པ་དང་། ཕུའུ་ཐའོ་ཡཱའི་དངུལ་གཏོང་རྒྱལ་ཁབ་གཙོ་བོ་ཡང་ཡིན། ཕུའུ་ཐའོ་ཡཱ་ཡིས་ཀྲུང་གོའི་ཕྱིར་གཏོང་རྒྱ་བསྐྱེད་དེ་ཕྱོགས་གཉིས་ཀྱི་ཉོ་ཚོང་དོ་དམ་ཡོང་བར་རེ་བཞིན་ཡོད་པ་དང་། ང་ཚོས་ཀྲུང་གོའི་ཁེ་ལས་ཕུའུ་ཐའོ་ཡཱ་རུ་ཡོང་ནས་དངུལ་གཏོང་བྱེད་པར་ཡང་དགའ་བསུ་བྱེད་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་ལས་ཕུའུ་ཐའོ་ཡཱ་ལ་ཁེ་ཕན་མི་ཉུང་བ་ཐོབ་ཡོད་ལ། དེ་བཞིན་དུ་ཀྲུང་གོས་འཛམ་གླིང་དཔལ་འབྱོར་གྱི་སླར་གསོ་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར།
ནཱ་ཞི་མིན་ཐའོ་ཡིས་རང་ཉིད་ཀྱིས་ཐེངས་མང་བོར་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཟུར་ཉན་བྱས་མྱོང་བའི་ཚུལ་བསྟན། ཁོས་བསྟན་དོན། ཚོགས་ཆེན་གཉིས་ཀྱིས་ཀྲུང་གོའི་འདས་པའི་ལོ་གཅིག་གི་གྲུབ་འབྲས་སྤྱི་བསྡོམས་བྱས་ཤིང་། ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་ལ་རྒྱང་བལྟ་དང་སྔོན་དཔག་བྱེད་པ་ཡིན་པས། ཀྲུང་གོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཏུ་མཐོང་ཡོད། དེའི་ཞོར་དུ་ཕུའུ་ཐའོ་ཡཱ་ཡིས་ཀྲུང་གོའི་ཆབ་སྲིད་ལ་ལྟ་ཞིབ་དང་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཞིག་ཀྱང་ཡིན་ཟེར།
ཀྲུང་གོས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་གླེང་བ་དང་། ནཱ་ཞི་མིན་ཐའོ་ཡིས་བལྟས་ན་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་རོགས་རམ་བྱེད་པའི་ཐད་སྤྱད་པའི་བྱེད་ཐབས་བཟང་བོར་དོན་སྙིང་གལ་ཆེན་ལྡན་པར་འདོད། ནཱ་ཞི་མིན་ཐའོ་ཡིས་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་དེའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་བཞིན་ཡོད་པའི་ཚུལ་བསྟན།
ནཱ་ཞི་མིན་ཐའོ་ཡིས་ད་རུང་བསྟན་དོན། རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་མཉམ་དུ་བརྩི་སྲུང་བྱེད་པ་དང་། གྲོས་མོལ་རྒྱུན་འཁྱོངས་བྱེད་པ། ཞི་བདེའི་ཐབས་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ཕུའུ་ཐའོ་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གང་ཡིན་ཡང་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པར་འབད་འབུངས་བྱེད་པ་དང་། ཧུར་ཐག་སྒོས་ཕྱོགས་མང་རྐྱེན་སྲོལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ཀྲུང་གོ་ནི་འགན་ཁུར་བའི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་འབད་འབུངས་བྱེད་བཞིན་ཡོད་ལ། མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་བཞིན་ཡོད་པས། ཀྲུང་གོའི་འཕེལ་རྒྱས་ཀྱི་གནས་བབ་དེ་ཡང་འགོག་ཐབས་མེད་ཟེར།
ད་ལོ་ནི་ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འགོར་བའི་ལོ་ཡིན་པ་དང་། ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉེར་ལྔ་འགོར་བའི་ལོ་ཡང་ཡིན། ནཱ་ཞི་མིན་ཐའོ་ཡིས་བཤད་རྒྱུར། ནམ་རྒྱུན་དུ་ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད། ཕུའུ་ཐའོ་ཡཱ་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་གྲོས་འདོན་ནང་ཞུགས་ཡོད་པ་དང་། གྲོས་འདོན་དེ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཕུའུ་ཐའོ་ཡཱ་ཡིས་ཀྲུང་གོའི་བར་དཔལ་འབྱོར་ཉོ་ཚོང་དང་དག་གཙང་ནུས་ཁུངས། ཚན་རྩལ། འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་མཉམ་ལས་སྔར་ལས་མང་བོ་སྤེལ་བར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།