ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འབྲེལ་ཡོད་དོགས་ཡོད་མི་སྣ་སོ་གསུམ་འཛིན་བཟུང་བྱས།
2024.03.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཐུར་ཁེའི་ནང་སྲིད་བློན་ཆེན་ཡེ་ཨར་ལེ་ཁཱ་ཡཱ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཐུར་ཁེའི་ནུབ་བྱང་ཕྱོགས་ཀྱི་སཱ་ཁཱ་ལི་ཡཱ་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་སོ་གསུམ་འཛིན་བཟུང་བྱས་ཡོད་ཟེར།

ཡེ་ཨར་ལེ་ཁཱ་ཡཱ་ཡིས་ཉིན་དེར་སྨྱན་བྱད་བརྒྱུད་དེ་བཤད་རྒྱུར། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་སཱ་ཁཱ་ལི་ཡཱ་ཞིང་ཆེན་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམིགས་པའི་འགུལ་སྐྱོད་ཁྲོད་དོགས་ཡོད་ཉེས་ཅན་སོ་གསུམ་འཛིན་བཟུང་བྱས་པ་དང་། ཁོ་ཚོས་ཐུར་ཁེ་ཡིས་ས་གནས་འདེམ་བསྐོའི་བྱ་འགུལ་མ་སྤེལ་གོང་འཇབ་རྒོལ་འགུལ་སྐྱོད་སྤེལ་རྩིས་ཡོད་པ་རེད།

ལོ་ལྔའི་ནང་ཐེངས་རེར་སྤེལ་བའི་ཐུར་ཁེའི་ས་གནས་འདེམ་བསྐོའི་བྱ་འགུལ་དེ་ཟླ་གསུམ་པའི་ཟླ་མཇུག་ཏུ་སྤེལ་མགོ་རྩོམ་པའི་འཆར་གཞི་ཡོད་ལ། སྐབས་དེར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་། གྲོང་རྡལ་བཅས་རིམ་པའི་སྲིད་འཛིན་དཔོན་པོ་འདེམ་བསྐོ་བྱེད་རྒྱུ་རེད།

ཡེ་ཨར་ལེ་ཁཱ་ཡཱ་ཡིས་བཤད་རྒྱུར། འཛིན་བཟུང་འགུལ་སྐྱོད་སྤེལ་སྐབས་ཉེན་རྟོག་ཕྱོགས་ཀྱིས་ད་རུང་ཁྲིམས་འགལ་མེ་མདའ་དང་ཕྱི་རྒྱལ་གྱི་དངོས་ཟོང་མང་བོ། གཏན་འགོག་བྱས་པའི་དཔེ་ཆ་དང་རྩ་འཛུགས་དེའི་ཡིག་ཆ་མང་བོ་རྩད་ཆོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།