ཨོ་སི་ཁྲུ་ལི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཞའོ་ཆན་གྱིས་ཚེས་བཅུ་གཅིག་ཉིན་བསྟན་དོན། དེང་སྐབས་འཛམ་གླིང་སྟེང་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། འགྲན་རྩོད་མང་བོ་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་ལག་རྡང་སྦྲེལ་བའི་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་པར་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ལ་ཕན་ཐོགས་ཡོད་ཟེར།
ཞའོ་ཆན་གྱིས་ཉིན་དེར་ཞི་ནེ་རུ་ཉིས་སྟོང་ཉེར་བཞི་ལོའི་ཨོ་སི་ཁྲུ་ལི་ཡཱའི་དངུལ་ལོར་དཔྱད་གླེང་ཚགས་པར་གྱི་ཚོང་ལས་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་ཞུ་ཚིག་ཕུལ་ཏེ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གྲུབ་ཚུལ་གྱིས་ཕན་ཚུན་ཁ་གསབ་བྱེད་ལ། དངོས་གཉེར་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་བྱེད་བཞིན་ཡོད། དམིགས་འབེན་དེ་མངོན་འགྱུར་བྱེད་ཆེད། ཕན་ཚུན་གྱི་ཡང་དག་པའི་ངེས་ཤེས་ཟབ་མོ་ཆགས་པར་བྱེད་པ་དང་གཏིང་ཟབ་པའི་དངོས་གཉེར་མཉམ་ལས། འགལ་བ་ཐག་གཅོད་གང་ལེགས་བྱེད་པ་བཅས་གལ་འགངས་ཧ་ཅང་ཆེ་ཟེར།
ཞའོ་ཆན་གྱིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་བར་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འགོར་བའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བས་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ནས་མཉམ་ལས་བྱེད་པར་མ་ཟད། ཁྱབ་ཁོངས་མང་བོ་དང་རིམ་པ་མང་བོ་ནས་མཉམ་ལས་སྤེལ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གལ་ཆེན་རང་བཞིན་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་ལས་བརྒལ་ཡོད་པར་མ་ཟད། ས་ཁོངས་རང་བཞིན་དང་ཐ་ན་འཛམ་གླིང་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཟེར།
ཞའོ་ཆན་གྱིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་དངོས་གཉེར་མཉམ་ལས་དེ་རྒྱལ་ཁབ་གཉིས་ལ་མཚོན་ན། གལ་འགངས་ཧ་ཅང་ཆེ།
ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ནུས་གཏེར་དང་ཞིང་ལས། སློབ་གསོ། གནས་སྐོར་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དང་ཇེ་ཟབ་ཏུ་བཏང་སྟེ། ནམ་ཟླའི་འགྱུར་ལྡོག་དང་གློག་སྒུལ་རླངས་འཁོར། མིའི་བཟོས་རིག་ནུས། བདེ་ཐང་ཐོན་ལས། ལྷད་མེད་དཔལ་འབྱོར། གཞི་གྲངས་དཔལ་འབྱོར། ཚན་རྩལ་གསར་གཏོད་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། དེ་ལྟར་བྱས་ན་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་ད་ཡོད་ཁྱི་ཁྱབ་ཁོངས་མཉམ་ལས་སྲ་བརྟན་བཏང་བའི་རྨང་གཞིའི་སྟེང་རྒྱ་ཆེ་བའི་གཉིས་ཕན་མཉམ་ལས་ཀྱི་ལེའུ་གསར་བ་འགོ་རྩོམ་པར་ཕན་ཐོགས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།