སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གིས་མུ་མཐུད་དུ་འཁྲུག་རྩོད་བྱས།
2024.03.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་གྱི་འཁྲུག་རྩོད་དེ་ཚེས་བཅུ་གཅིག་ཉིན་སྨྱུང་གནས་ཟླ་བའི་ཉིན་དང་པོར་མུ་མཐུད་དུ་རྒྱུན་བསྲིངས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་གྱི་འཁྲུག་རྩོད་ཁག་སོ་སོས་སྨྱུང་གནས་ཟླ་བར་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་གྲོས་ཆོད་དེ་དངོས་འབེབས་བྱུང་མེད་ཟེར།

སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་དྲ་ཐོག་བརྒྱུད་ནས་བསྟན་དོན། དམག་ཕྱོགས་ཀྱིས་ཉིན་དེར་ཁཱ་ཐུའུ་མུའུ་བྱང་མ་རུ་སྡོད་པའི་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ལ་འཇབ་རྒོལ་བྱས་ བྱས་ཏེ་འཐབ་འཁོར་བདུན་དང་སྣུམ་འདྲུད་རླངས་འཁོར་གཉིས་འགས་གཏོར་བཏང་སྟེ་རླངས་འཁོར་ནང་གི་མི་སྣ་བསད་པར་མ་ཟད། མཚོན་ཆ་དང་སྒྲིག་ཆས་སྐོར་ཞིག་གཞུང་བཞེས་བྱས་ཡོད་ཟེར།

ཉིན་དེར་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དྲ་ཐོག་ཏུ་སྤེལ་བའི་བརྙན་རིས་ལས་མངོན་པ་ལྟར་ན། དམག་དཔུང་དེས་ཨིན་ཐུའུ་མན་ནུབ་ངོས་སུ་འཐབ་འཁྲུག་བྱེད་བཞིན་ཡོད་པ་རེད།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་གིས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་འཐབ་ར་མང་བོར་འགས་གཏོར་བཏང་། དྲ་ཐོག་གི་བརྙན་རིས་ལས་མངོན་པ་ལྟར་ན། ཁཱ་ཐུའུ་མུའུ་ལྷོ་ངོས་ཀྱི་ལུས་རྩལ་མཁར་གྱི་ཉེ་འདབས་སུ་དུད་ནག་འཕྱུར་བཞིན་ཡོད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་གྲོས་ཆོད་གཉིས་བདུན་གཉིས་བཞི་ལ་གྲོས་མཐུན་བཀོད་དེ། སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གིས་སྨྱུང་གནས་ཟླ་བའི་སྐབས་སུ་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། སུའུ་ཏན་ཕྱི་འབྲེལ་པུའུ་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དེའི་རྗེས་སུ་སོ་སོར་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དེར་དགའ་བསུ་བྱེད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།