ཕཱ་ཁི་སི་ཐན་གྱི་སྲིད་འཛིན་ལས་ཁུངས་གསར་བའི་ཁོངས་མི་བཅུ་དགུ་ཡིས་ཚེས་བཅུ་གཅིག་ཉིན་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏཱ་ལི་དང་ཙུང་ལི་ཞཱ་པཱ་ཙི་རྣམ་གཉིས་ཀྱི་བདེན་དཔང་འོག རྒྱལ་ས་དབྱི་སི་ལན་པའོ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི་བཅུ་དགུ་ནི་ཀྲ་ཨར་ཏཱ་ལི་ཡིས་ཉིན་དེར་ཞཱ་པཱ་ཙི་ཡིས་སྤྲད་པའི་མིང་ཐོ་ལྟར་བསྐོ་འཇོག་བྱས་པ་རེད། དེའི་ནང་རྒྱལ་ཕྲན་མཉམ་འབྲེལ་གྱི་པུའུ་ཀྲང་བཅོ་བརྒྱད་དང་རྒྱལ་སྲིད་པུའུ་ཀྲང་གཅིག་བཅས་འདུས། དམ་བཅའ་འཇོག་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཞཱ་པཱ་ཙི་ཡིས་མགོ་འཛིན་བྱས་ཏེ་སྲིད་འཛིན་ལས་ཁུངས་གསར་བའི་གྲོས་ཚོགས་ཐོག་མ་བསྡུས། མིག་སྔར་ད་རུང་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི་བཅུ་དགུས་ཁག་ཁུར་བྱེད་དགོས་པའི་ལས་འགན་ཁྱབ་བསྒྲགས་བྱས་མེད།
སྲིད་འཛིན་ལས་ཁུངས་གསར་བའི་ཁོངས་མི་མང་ཆེ་བ་སྲིད་འཛིན་མནའ་འབྲེལ་ཁྲོད་ཀྱི་ཆེས་ཆེ་བའི་ཏང་ཁག་མུའུ་སི་ལིན་མནའ་འབྲེལ་ནས་ཡོང་བ་དང་། དེའི་འཕྲོ་མ་དག་གཅིག་གྱུར་མི་རིགས་འགུལ་སྐྱོད་ཏང་དང་ཕཱ་ཁི་སི་ཐན་གཏན་འཇགས་ཏང་ནས་ཡོང་བ་རེད། སྲིད་འཛིན་མནའ་འབྲེལ་ཁྲོད་ཀྱི་མི་དམངས་ཏང་གི་ཁོངས་མི་ད་ལྟའི་མིང་ཐོའི་གྲས་སུ་བཞག་མེད།
ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། ཕཱ་ཁི་སི་ཐན་གྱི་སྲིད་ཏང་གཙོ་བོ་མུའུ་སི་ལིན་མནའ་འབྲེལ་དང་མི་དམངས་ཏང་གིས་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་པར་ཡིད་འཐད་བྱུང་བ་ཁྱབ་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།