སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་དྲག་ཆས་དམག་དཔུང་གིས་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་ལག་ནས་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་པུའུ་ཡི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱས་ཡོད་ཟེར། དེ་ནི་ན་ནིང་ཟླ་བཞི་བར་སུའུ་ཏན་ནས་དྲག་ཆས་འཁྲུག་རྩོད་བྱུང་རྗེས། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཐོག་དང་པོར་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་པུའུ་བདག་བཟུང་བྱས་པ་རེད་ཟེར།
དེའི་སྔོན་གྱི་གསལ་སྒྲོག་ཅིག་ལས་སུའུ་ཏན་དྲག་ཆས་དམག་དཔུང་གིས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཨིན་ཐུའུ་མན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་པུའུ་ཡོད་སའི་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་དྲག་ཆས་མི་སྣ་མང་ཆེ་བ་ཚར་གཅོད་བྱས་པ་དང་། རླངས་འཁོར་དང་མཚོན་ཆ། སྒྲིག་ཆས་མང་བོ་གཞུང་བཞེས་བྱས་ཡོད་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་བློ་འདོན་པ་ཨེ་མུའུ་ལན་ཨ་པུའུ་ཏུའུ་ལཱ་ཡིས་དྲ་ཐོག་བརྒྱུད་ནས་སུའུ་ཏན་དྲག་ཆས་དམག་དཔུང་གིས་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་པུའུ་བཙན་བཟུང་བྱས་པ་ཁས་ལེན་བྱས་ཡོད། དེའི་ཞོར་དུ་ཁོས་ད་རུང་སུའུ་ཏན་དྲག་ཆས་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་བཀོད་པའི་སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་སྨྱུང་གནས་ཟླ་བའི་སྐབས་སུ་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་གྲོས་ཆོད་ལ་རྒྱབ་འགལ་བྱས་པར་སྐྱོན་འཛུགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།