ཡོ་རོབ་གླིང་མནའ་འབྲེལ་གྱིས་ཅཱ་ཧྲ་ལ་རོགས་སྐྱོར་བྱེད་པའི་མཚོ་ཐོག་རྒྱུ་ལམ་རྣམ་གྲངས་ཀྱི་དངོས་ཟོང་སྐྱེལ་འདྲེན་གྲུ་གཟིངས་ཐོག་མ་ལམ་དུ་ཆས།
2024.03.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

སེ་ཕུའུ་ལུའུ་སིའི་ཙུང་ཐུང་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ཡིས་ཚེས་བཅུ་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་མཚོ་ཐོག་རྒྱུ་ལམ་རྣམ་གྲངས་བརྒྱུད་ནས་ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ཐོག་མ་ཉིན་དེར་སེ་ཕུའུ་ལུའུ་སི་ནས་ལམ་དུ་ཆས་ཟེར།

གྲུ་གཟིངས་དེས་ཟས་རིགས་དང་འཐུང་ཆུ། སྨན་རྫས་བཅས་ཏུན་བརྒྱ་དང་ལྔ་བཅུ་ཙམ་དྲུད་ཡོད་པ་དང་། ཉིན་དེའི་སྔ་དྲོར་སེ་ཕུའུ་ལུའུ་སིའི་ལཱ་ནཱ་ཁཱ་གྲུ་ཁ་དང་བྲལ་བ་ཡིན་ལ། ཚོད་དཔག་བྱས་ན་ཉིན་གཉིས་ཀྱི་རྗེས་སུ་ཅཱ་ཧྲ་ས་ཁུལ་དུ་འབྱོར་ངེས་རེད།

ཡོ་རོབ་གླིང་མནའ་འབྲེལ་གྱི་མཚོ་ཐོག་རྒྱུ་ལམ་རྣམ་གྲངས་དེ་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ཡིས་བཏོན་པ་ཡིན་ལ། དམིགས་ཡུལ་ནི་མཚོ་ཐོག་རྒྱུ་ལམ་ནས་ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་ཆེད་རེད། ཟླ་གསུམ་པའི་ཚེས་བརྒྱད་ཉིན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་གཉིས་ཀྱིས་ལཱ་ནཱ་ཁཱ་ནས་མཉམ་དུ་རྣམ་གྲངས་དེ་ལག་བསྟར་བྱས་པ་རེད། ཡོ་རོབ་གླིང་མནའ་འབྲེལ་དང་སེ་ཕུའུ་ལུའུ་སི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨ་མེ་རི་ཁ་བཅས་རྣམ་གྲངས་དེར་ཞུགས་ཡོད།

སེ་ཕུའུ་ལུའུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རོགས་སྐྱོར་དངོས་རྫས་དག་གྲུ་གཟིངས་ནང་མ་བསྡུས་གོང་དབྱི་སི་རལ་གྱི་དཔོན་རིགས་ཀྱིས་ཞིབ་བཤེར་བྱས་ནས། དམག་དོན་སྒྲིག་ཆས་གང་རུང་མེད་པར་ཁག་ཐེག་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།