དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་གཉིས་ཉིན་བསྐྱར་སྒྲོག་བྱས་དོན། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲའི་ལྷོ་ངོས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་དམག་དོན་འགུལ་སྐྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གཉིས་ཉིན་སྤེལ་བའི་གསར་འགྱུར་མ་ཡིག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་སྤྱི་བའི་ལས་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་བརྙན་རིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འཐབ་འཁྲུག་གི་རྒྱལ་ཁ་ལོན་ཆེད། དབྱི་སི་རལ་གྱིས་ངེས་པར་དུ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ལཱ་ཧྥ་གྲོང་ཁྱེར་གྱི་དྲག་ཆས་མི་སྣ་ལྷག་འཕྲོ་ཚར་གཅོད་བྱེད་དགོས། དེ་ལྟར་མ་བྱས་ན་ཧཱ་མཱ་སིའི་དྲག་ཆས་མི་སྣ་རྣམས་ཡང་བསྐྱར་གཅིག་འདུས་བྱས་ནས་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་ལ་ཚོད་འཛིན་བྱེད་ངེས་རེད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་གྱིས་མུ་མཐུད་དུ་ལཱ་ཧྥ་གྲོང་ཁྱེར་གྱི་དམག་དོན་འགུལ་སྐྱོད་ལ་སྐུལ་འདེད་་གཏོང་རྒྱུ་ཡིན་པ་དང་། དེའི་ཞོར་དུ་ལཱ་ཧྥ་གྲོང་ཁྱེར་གྱི་མི་སེར་དཀྱུས་མར་གནོད་པ་ཐེབས་པར་སྔོན་འགོག་བྱེད་ཡིན་ལ། གནོན་ཤུགས་གང་རུང་གིས་དབྱི་སི་རལ་གྱི་དམག་དཔུང་གི་འགུལ་སྐྱོད་ལ་བཀག་འགོག་བྱེད་ཐབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།