ཏའོ་སྨི་ནི་ཁཱའི་ཙུང་ལི་ཡིས་ཏའོ་སྨི་ནི་ཁཱ་དང་ཀྲུང་གོ་ནི་བློ་སེམས་གཅིག་མཐུན་དང་ཕན་ཚུན་བརྩི་འཇོག་བྱེད་པའི་གྲོགས་པོ་རྣལ་མ་ཡིན་པའི་ཚུལ་བསྟན།
2024.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཏའོ་སྨི་ནི་ཁཱའི་ཙུང་ལི་སི་ཁའེ་ལི་ཐི་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཏའོ་སྨི་ནི་ཁཱ་དང་ཀྲུང་གོ་ནི་བློ་སེམས་གཅིག་མཐུན་དང་ཕན་ཚུན་བརྩི་འཇོག་བྱེད་པའི་གྲོགས་པོ་རྣལ་མ་ཡིན། ཏའོ་སྨི་ནི་ཁཱ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་ཞི་བདེ་གཅིག་གྱུར་ལས་དོན་ལ་རྒྱབ་སྐྱོར་བྱེད་ལ། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་ཞི་བདེ། བདེ་འཇགས་བཅས་ཐད་ཀྱི་བྱ་བར་དམའ་འབེབས་བྱེད་པའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན།

སི་ཁའེ་ལི་ཐི་ཡིས་ཏའོ་སྨི་ནི་ཁཱའི་སྲིད་གཞུང་དང་ཏའོ་སྨི་ནི་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་མཉམ་དུ་སྤེལ་བའི་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། ཏའོ་སྨི་ནི་ཁཱ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་ནང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། གཏིང་ཟབ་པའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

སི་ཁའེ་ལི་ཐི་ཡིས་བཤད་རྒྱུར། ཕན་ཚུན་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཏའོ་སྨི་ནི་ཁཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་དང་སྨན་བཅོས་འཕྲོད་བསྟེན། ཞིང་ལས། སློབ་གསོ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་སོང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག ཏའོ་སྨི་ནི་ཁཱའི་དཔལ་འབྱོར་དང་སྤྱི་ཚོགས་གཏན་འཇགས་ངང་འཕེལ་རྒྱས་བྱུང་བ་དང་། མང་ཚོགས་ཀྱི་དངོས་གཉེར་མཉམ་ལས་རྣམ་གྲངས་ཁྲོད་ཕན་འབྲས་དངོས་ཐོབ་ཡོད། ཏའོ་སྨི་ནི་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིན་ཞན་ཅང་གིས་སྣེ་ལེན་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ་ཏེ། ལོ་ངོ་ཉི་ཤུའི་རིང་ལ། ཀྲུང་གོ་དང་ཏའོ་སྨི་ནི་ཁཱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གཏན་འཇགས་ངང་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་རྒྱལ་ཁབ་སྒེར་ཚུགས་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱས་ཡོད། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་ཏུ། ཕྱོགས་གཉིས་ཀྱི་ཞིང་ལས་དང་སྨན་བཅོས་འཕྲོད་བསྟེན། རྨང་གཞིའི་སྒྲིག་ཆས། གནོད་འགོག་གནོད་སེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ལ། མི་གཞུང་བརྗེ་རེས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད། ལོ་རྒྱུས་ཀྱི་ལམ་ཐིག་གསར་བའི་སྟེང་ལངས་ན། ཀྲུང་གོ་དང་ཏའོ་སྨི་ནི་ཁཱའི་འབྲེལ་བར་མུ་མཐུད་དུ་འཕེལ་རྒྱས་འབྱུང་ངེས་ཡིན་ཟེར།

ཏའོ་སྨི་ནི་ཁཱའི་ཆབ་སྲིད་མགོ་ཁྲིད་པ་དང་ཏའོ་སྨི་ནི་ཁཱ་རུ་སྡོད་པའི་ཕྱི་འབྲེལ་འཐུས་ཚབ་ཚོགས་པའི་འཐུས་མི། དེ་མིན་ཏའོ་སྨི་ནི་ཁཱའི་ལས་རིགས་སོ་སོའི་མཛའ་མཐུན་མི་སྣ། གསར་འགོད་པ། ཀྲུང་གོའི་དངུལ་གཏོང་ལས་ཁུངས་དང་ཕྱི་སྡོད་རང་མིའི་འཐུས་མི་སོགས་མི་སུམ་བརྒྱ་ཙམ་བྱ་འགུལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།