ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་གསུམ་ཉིན་མི་དམངས་དམག་དཔུང་གི་ཐན་ཁི་འཁོར་ལོའི་མཉམ་འབྲེལ་དམག་དཔུང་གིས་འགོག་རྒོལ་སྦྱོང་བརྡར་གྱི་འགྲན་སྡུར་བྱེད་པར་མཛུབ་སྟོན་བྱས། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཟླ་འདིའི་ནང་ཐེངས་མང་བོར་མི་དམངས་དམག་དཔུང་གི་དམག་དོན་སྦྱོང་བརྡར་ལ་ཡུལ་དངོས་ནས་མཛུབ་སྟོན་བྱས་མྱོང་བ་རེད།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བཤད་རྒྱུར། ཐེངས་འདིའི་འགོག་རྒོལ་སྦྱོང་བརྡར་གྱི་འགྲན་སྡུར་དེའི་དམིགས་ཡུལ་ནི་ཐན་ཁི་འཁོར་ལོའི་དམག་དཔུང་གི་དངོས་འཐབ་ནུས་པར་ཞིབ་བཤེར་དང་འཐབ་རྩལ་བྱང་ཆ་ལྡན་པར་བྱེད་ཆེད་ཡིན་ལ། ཁྲའོ་ཞན་གྱི་རྣམ་པ་གསར་བའི་ཐན་ཁི་འཁོར་ལོའི་གཙོ་ཤུགས་དམག་དཔུང་འགྲན་སྡུར་ལ་ཞུགས་ཡོད་ཟེར།
བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་རྣམ་པ་གསར་བའི་ཐན་ཁི་འཁོར་ལོའི་གཙོ་ཤུགས་དམག་དཔུང་གི་འཐབ་འཛིང་བྱེད་ནུས་དང་ཆམ་ཕབ་ནུས་པ། འཕྲུལ་ཆས་ནུས་པ་བཅས་ལ་ཧ་ཅང་ཡིད་ཚིམས་པའི་ཚུལ་བསྟན་པ་དང་། ཁོ་ད་རུང་རྣམ་པ་གསར་བའི་ཐན་ཁི་འཁོར་ལོའི་གཙོ་ཤུགས་དམག་དཔུང་གི་ཐན་ཁི་འཁོར་ལོའི་སྟེང་བུད་ནས་དངོས་སུ་ཁ་ལོ་བསྒྱུར་བ་རེད་ཟེར།
བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཐན་ཁི་འཁོར་ལོའི་དམག་དཔུང་གི་དེང་རབས་འཐབ་འཁྲུག་ཁྲོད་ཀྱི་ནུས་པ་ནན་བཤད་བྱས་པར་མ་ཟད། ཤུགས་ཚད་ཇེ་ཆེར་བཏང་ནས་དངོས་འཐབ་སྦྱོང་བརྡར་དང་སྦྱོང་བརྡར་འགྲན་སྡུར་བྱ་འགུལ་སྤེལ་ནས་འཐབ་འཛིང་ནུས་པ་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་དེའི་སྔོན་བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཟླ་འདིའི་ནང་ད་རུང་མི་དམངས་དམག་དཔུང་གི་མེ་སྒྱོགས་སྦྱོང་བརྡར་ལ་མཛུབ་སྟོན་བྱས་པར་མ་ཟད། ནུབ་ཕྱོགས་ས་ཁུལ་གྱི་འཐབ་འཛིང་སྦྱོང་བརྡར་རྟེན་གཞིར་སོང་ནས་སྦྱོང་བརྡར་སྒྲིག་ཆས་ལ་ལྟ་ཞིབ་བྱས་པ་དང་དམག་དཔུང་གི་དངོས་འཐབ་སྦྱོང་བརྡར་ལ་མཛུབ་སྟོན་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།