དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་དང་དབུས་ཕྱོགས་ས་ཁུལ་དུ་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།
2024.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་གྱི་ནམ་གུང་ནས་ཚེས་བཅུ་བཞི་ཉིན་གྱི་ཞོགས་པའི་བར་ཅཱ་ཧྲའི་བྱང་ཕྱོགས་དང་དབུས་ཕྱོགས་ཀྱི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་ཅཱ་ཧྲའི་བྱང་ཕྱོགས་ཀྱི་རྒུད་སྐྱོབ་དངོས་རྫས་ལེན་ས་ཞིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་གྱ་དྲུག་ལ་རྨས་ཕོག དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་པུའུ་ལའེ་ཅེ་ཡུལ་གྱར་བའི་སྒར་སའི་སྡོད་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཡོད་ཟེར།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་མགོ་ཁྲིད་པ་ཧཱ་ནེ་ཡཱ་ཡིས་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། མིག་སྔར་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་དང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་དེ་ཁ་ཁར་མངོན་ཡོད། དབྱི་སི་རལ་སྲིད་གཞུང་གིས་ལངས་ཕྱོགས་དེ་བསྐྱུར་ན་དུས་རིམ་བགོས་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་གོ་སྐབས་ཡོད་ཟེར།

ཅཱ་ཧྲའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་བཞི་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་བསྡོམས་པས་མི་རེ་དགུ་རྐྱེན་ལམ་དུ་ཤོར། ན་ནིང་ཟླ་བཅུ་བའི་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གསུམ་དང་སྟོང་གཅིག་དང་སུམ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བདུན་དང་སྟོང་གསུམ་ལྷག་ལ་རྨས་ཕོག་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།