མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་ཚེས་བཅུ་གསུམ་ཉིན་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བཞི་ལོའི་བར་གྱི་མིའི་རིགས་ཀྱི་འཕེལ་རྒྱས་སྙན་ཞུ་ལས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དོ་མཉམ་མིན་པའི་འཕེལ་རྒྱས་ཀྱིས་ཆེས་དབུལ་ཕོངས་ཀྱི་མི་རྣམས་སྔར་ལས་རྗེས་སུ་ལུས་པར་བྱས་ཡོད་ལ། སྣང་ཚུལ་དེ་ངེས་པར་དུ་ཐུན་མོང་འགུལ་སྐྱོད་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར།
ཛ་དྲག་གི་སྣང་ཚུལ་མེད་པར་བཏང་སྟེ་མཐའ་གཉིས་སུ་ལྷུང་བའི་འཛམ་གླིང་ཡོངས་ཀྱི་མཉམ་ལས་སླར་གསོ་བྱེད་དགོས་ཞེས་པ་བརྗོད་སྙིང་ཡིན་པའི་སྙན་ཞུ་དེ་ལས་བཤད་རྒྱུར། སྙན་ཞུའི་ནང་དུ་མིའི་རིགས་ཀྱི་འཕེལ་རྒྱས་དམིགས་ཚད་དེ་འཛམ་གླིང་ཡོངས་ཀྱི་རིམ་པ་ནས་ཁག་ཅིག་སླར་གསོ་བྱུང་ཡོད་ཀྱང་། སླར་གསོ་བྱུང་བའི་ཁག་དེ་འཐུས་ཚང་མིན་ལ་འདྲ་མཉམ་ཡང་མིན་ཟེར།
མིའི་རིགས་ཀྱི་འཕེལ་རྒྱས་དམིགས་ཚད་ནི་མི་རེའི་ཆ་སྙོམས་རྒྱལ་དམངས་སྤྱིའི་ཡོང་འབབ་དང་སློབ་གསོའི་ཆུ་ཚད། སྔོན་དཔག་ཚེ་ཚད་བཅས་རྨང་གཞི་གསུམ་གྱི་འགྱུར་ལྡོག་གཞིར་བཟུང་སྟེ། བརྩི་ཐབས་ངེས་ཅན་ཞིག་ལ་བརྟེན་ནས་ཐོབ་པའི་ཕྱོགས་བསྡུས་དམིགས་ཚད་ཡིན་ལ། མིའི་རིགས་ཀྱི་འཕེལ་རྒྱས་སྙན་ཞུའི་ནང་ཁྱབ་བསྒྲགས་བྱས་པ་རེད། ཉིས་སྟོང་ཉི་ཤུ་ལོ་དང་ཉིས་སྟོང་ཉེར་གཅིག་ལོར་ཉམས་རྒུད་ཚབས་ཆེན་བྱུང་རྗེས། དམིགས་ཚད་དེ་ཉིས་སྟོང་ཉེར་གསུམ་ལོར་སླར་གསོ་ཆེན་པོ་བྱུང་ཡོད་ཀྱང་། སྙན་ཞུ་ལས་བསྟན་དོན། འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་དང་ས་ཁུལ་གྱི་དམིགས་ཚད་དེ་སྔོན་དཔག་དང་འཚམ་ཡང་། དབུལ་ཕོངས་རྒྱལ་ཁབ་དང་ས་ཁུལ་མང་བོའི་དམིགས་ཚད་དེ་སྔར་བཞིན་པྲོག་གསར་གློ་ཚད་རིམས་ནད་མ་བྱུང་སྔོན་གྱི་ཆུ་ཚད་དུ་བསླེབ་ཐུབ་མེད་ཟེར།
སྙན་ཞུ་ལས་བསྟན་དོན། འདྲ་མཉམ་མིན་པའི་གནས་ཚུལ་དེ་རིགས་དཔལ་འབྱོར་འགུལ་སྐྱོད་དབང་གིས་ཚད་མཐོའི་གཅིག་བསྡུས་བྱུང་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། ཆབ་སྲིད་མཐར་ལྷུང་གི་གནད་དོན་ལས་ཀྱང་ནང་ལ་བསྡུ་བའི་སྲིད་ཇུས་བྱེད་ཐབས་ཤིག་དར་བར་བྱས་ཡོད་པ་དང་། དེ་དཔལ་འབྱོར་ཐཱན་འདོར་དང་གཞི་གྲངས་ལག་རྩལ་གང་འདོད་དུ་སྤྱོད་པ། ས་ཁུལ་གྱི་འཁྲུག་རྩོད་སོགས་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་མཁོ་བའི་འཛམ་གླིང་ཡོངས་ཀྱི་མཉམ་ལས་དང་རྒྱབ་འགལ་དུ་གྱུར་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་སྙན་ཞུ་སྤེལ་བར་བརྙན་རིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་འདྲ་མཉམ་མིན་པ་དང་ཛ་དྲག་ཏུ་འགྱུར་བཞིན་པའི་དྲག་ཆས་འཁྲུག་རྩོད་དང་ཟིན་ཐོ་བསྐྲུན་པའི་ནམ་ཟླའི་ཤུགས་རྐྱེན་བཅས་ལས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ནི་མཉམ་ལས་སླར་གསོ་དང་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱེད་རྒྱུ་དེ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།