ཅཱ་ཧྲ་ས་ཁུལ་གྱི་རྒུད་སྐྱོབ་དངོས་རྫས་ལེན་ས་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་སོ་གསུམ་རྐྱེན་ལམ་དུ་ཤོར།
2024.03.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་རྒུད་སྐྱོབ་དངོས་རྫས་ལེན་ས་ཞིག་ལ་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་འཇབ་རྒོལ་ཐེབས་ནས་མི་སོ་གསུམ་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་དབྱི་སི་རལ་གྱི་དམག་དཔུང་གིས་རྒུད་སྐྱོབ་དངོས་རྫས་ལེན་སའི་མང་ཚོགས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། འདས་པའི་དུས་ཚོད་ཞེ་བརྒྱད་ནང་ཉུང་མཐར་ཡང་རིགས་དེ་མཚུངས་ཀྱི་འཇབ་རྒོལ་ཐེངས་ལྔ་བྱས་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་ཅིག་ལས་ཚེས་བཅུ་བཞི་ཉིན་གྱི་དགོང་མོའི་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་མ་བྱས་པ་དང་། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་དོན་རྐྱེན་དེར་འགན་ཁུར་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།