ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སིའི་མངའ་ཁོངས་སུ་དཔུང་འཇུག་བྱས་ནས་ཨུ་རུ་སིའི་ཙུང་ཐུང་གི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་བར་ཆད་བཟོ་རྩིས་བྱེད་པའི་ཚུལ་བསྟན།
2024.03.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉེ་སྔོན་ཐེངས་མང་བོར་ཨུ་རུ་སིའི་མངའ་ཁོངས་སུ་དཔུང་འཇུག་བྱེད་རྩིས་བྱས་པར་རྒྱལ་ཁ་ཐོབ་མེད་ལ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་འཇབ་རྒོལ་ལ་བརྟེན་ནས་ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་བར་ཆད་གཏོང་རྩིས་བྱས་པ་རེད་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་བརྙན་རིས་བརྒྱུད་དེ་ཨུ་རུ་སིའི་བདེ་འཇགས་གྲོས་ཁང་གི་ཁོངས་མི་དང་མཉམ་དུ་གྲོས་ཚོགས་བསྡུ་སྐབས་བཤད་རྒྱུར། ཚེས་བཅུ་གཉིས་ཉིན་ནས་ད་ལྟའི་བར། ཝུའུ་ཁི་ལན་ཕྱོགས་ཀྱིས་དམིགས་བསལ་དམག་དཔུང་དང་ཕྱི་རྒྱལ་གྱི་གླས་དམག ཝུའུ་ཁི་ལན་གྱི་རོགས་སྐྱོར་དམག་དཔུང་བཅས་བཀོལ་ནས་ཐེངས་མང་བོར་ཨུ་རུ་སིའི་མངའ་ཁོངས་སུ་དཔུང་འཇུག་བྱེད་རྩིས་བྱས་ཏེ། གཏོར་བརླག་དང་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་དུ་བཟོས་ཡོད་ལ། དེའི་ནང་དོན་རྐྱེན་བཞི་པེ་ཨར་ཀི་ལོ་ཏི་ཕྱོགས་ནས་བྱུང་བ་དང་དོན་རྐྱེན་གཅིག་ཁུའུ་ཨར་སི་ཁི་ཕྱོགས་ནས་བྱུང་བ་རེད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་མི་སྟོང་གཉིས་དང་ལྔ་བརྒྱ་དང་། ཐན་ཁི་འཁོར་ལོ་སོ་ལྔ། ཁྲབ་ལྡན་འཁོར་ལོ་བཞི་བཅུ་བཅས་བཀོལ་སྤྱོད་བྱས་ཀྱང་ལེགས་འགྲུབ་མ་བྱུང་བར་མ་ཟད། བརྒྱ་ཆའི་དྲུག་ཅུའི་མི་སྣ་དང་བརྒྱ་ཆའི་ལྔ་བཅུའི་ཁྲབ་ལྡན་འཁོར་ལོར་གྱོང་གུད་ཐེབས་ཡོད་ཟེར།

ཁོས་ད་རུང་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་དམག་དཔུང་གི་གོང་གི་བྱ་སྤྱོད་དེར་དམག་དོན་གྱི་ཕྱོགས་ནས་བལྟས་ན་དོན་སྙིང་སྤུ་ཙམ་ཡང་མེད་ལ། མི་ཆོས་ཀྱི་ཕྱོགས་ནས་བལྟས་ན་ནག་ཉེས་བྱ་སྤྱོད་རེད། དེའི་དམིགས་ཡུལ་ནི་ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་བའི་འཕེལ་རིམ་ལ་གཏོར་བརླག་གཏོང་བ་དང་། ཝུའུ་ཁི་ལན་དང་འབྲེལ་བའི་ས་ཁུལ་གྱི་ཨུ་རུ་སིའི་མང་ཚོགས་ལ་འཇིགས་སྐུལ་བྱེད་ཆེད་རེད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་ལྔ་ཉིན་སྤྱི་སྒྲོག་སྤེལ་ནས། ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞི་ཉིན་བར། ཨུ་རུ་སིའི་དྲག་ཆས་དམག་དཔུང་གིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་མཐའ་སྲུང་སྡེ་ཁག་དང་མཉམ་དུ་ཝུའུ་ཁི་ལན་གྱི་དྲག་ཆས་མི་སྣ་སྐོར་ཞིག་པེ་ཨར་ཁི་ལོ་ཏི་མངའ་སྡེ་དང་ཁུའུ་ཨར་སི་ཁི་མངའ་སྡེའི་མངའ་ཁོངས་སུ་ཡོང་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ཅིག་ཕམ་ཉེས་སུ་བཏང་བ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་སྐབས་དམག་མི་སྟོང་གཅིག་དང་ལྔ་བརྒྱ་ལྷག་གི་གྱོང་གུད་བྱུང་ཡོད་ལ། དེའི་ནང་མི་ལྔ་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཐན་ཁི་འཁོར་ལོ་བཅོ་བརྒྱད་དང་ཁྲབ་ལྡན་འཁོར་ལོ་ཉེར་གསུམ་གཏོར་བཤིག་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།